འབའ་ཐང་རྫོང་གིས2023ལོའི་ལོ་སྨད་ཀྱི་གཙོ་དོན་བྱེད་སྒོ་ཁྱབ་བསྒྲགས་བྱས།

        2023-07-10

ལྷ་མོ་འཁྲབ་པས་མདུན་ནས་བསུས་ཏེ་འབའ་ཐང་རྫོང་གི་ལེགས་ལྡན་ཐོན་ཁུངས་འོས་སྦྱོར་ཚོགས་འདུ་དང་གཙོ་དོན་བྱེད་སྒོའི་ཡོངས་བསྒྲགས་ཚོགས་འདུ་ནུབ་རྒྱུད་དངོས་མང་སྟོན་ཚོགས་དཀར་མཛེས་ཁུལ་གྱི་འགྲེམས་ཁང་དུ་འཚོགས་པ་རེད།

འོས་སྦྱོར་ཚོགས་སུ་འབའ་ཐང་རྫོང་གི་འབྲེལ་ཡོད་འགན་འཁུར་བ་དང་། དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་མ་འཇོག་འཕེལ་རྒྱས་ཚོགས་པ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་འགན་འཁུར་བ། དཀར་མཛེས་ཁུལ་འབའ་རྒྱས་ཐང་ཁེ་ལས་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཁུར་བ། འབའ་ཐང་དབྱི་ཞང་སྐྱེད་ཚལ་ཐོན་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་འགན་འཁུར་བ་བཅས་ཀྱིས་འབའ་ཐང་རྫོང་གི་སྤུས་ལེགས་ཐོན་ཁུངས་དང་། མཚོ་ཕུའི་ལྗོངས་ཁུལ། འབའ་རྒྱས་ཐང་གི་སྦི་རག་དང་སྟར་ཁའི་སྣུམ་སོགས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཤིང་། དེའི་དམིགས་ཡུལ་ཡང་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་སྟེགས་བུར་བརྟེན་ནས་འབའ་ཐང་རྫོང་གི་ལེགས་ལྡན་ཐོན་ཁུངས་ཁྱོན་ཡོངས་ནས་ཕྱིར་ཕྱོགས་སུ་བསྟན་པ་དང་འབྲེལ་ཕྱོགས་བཞི་མཚམས་བརྒྱད་ཀྱི་གྲོགས་པོ་ཚོ་འབའ་ཐང་དུ་གདན་འདྲེན་ཞུ་བའི་ཆེད་དུ་རེད།

འབའ་ཐང་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་། སི་ཁྲོན་དང་ཡུན་ནན། བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་སུ་ཆགས་ཡོད། གནམ་གཤིས་དྲོ་གྲང་རན་ཞིང་རི་ཀླུང་མཛེས་སྡུག་ལྡན་པ་དང་ཐོན་ཁུངས་ཕུན་སུམ་ཚོགས། རྫོང་མཁར་ནི་བྱ་ཁྱུང་གྲོང་རྡལ་ལ་ཆགས་ཡོད། མཚོ་འཕགས་སྨི2580ཡིན། ས་དབྱིབས་བྱ་ཁྱུང་འདྲ་བས་ཁྱུང་མཁར་ཞེས་པའི་མཚན་སྙན་ཐོབ། དེའི་ནང་ནསAབཞི་རིམ་པའི་མཚོ་ཕུ་ལྗོངས་ཁུལ་ནི་ཧ་ཅང་མཛེས་ལ་ཆུ་ཚན་གྱི་སྤྲིན་སྨུག་དགུང་དུ་འཕྱུར། རྩམ་སྟོད་རྩྭ་ཐང་ནི་རི་མོ་བ་མཁས་པའི་པིར་རྩེ་ལས་ཐོན་པ་ལྟར་ཤིན་ཏུ་མཛེས། ད་དུང་གཟི་བརྗིད་ལྡན་པའི་དེང་རབས་ཀྱི་འཁྱགས་ཀླུང་དང་། བརྗིད་ཉམས་ལྡན་པའི་རི་བོ། ཡངས་ཤིང་རྒྱ་ཆེ་བའི་གདོད་མའི་ནགས་ཚལ་བཅས་ལས་གྲུབ་ཡོད་པ་རེད།

ད་ཐེངས་ཀྱི་འོས་སྦྱོར་འདུ་ཚོགས་སུ་འབའ་ཐང་རྫོང་གི2023ལོའི་ལོ་སྨད་ཀྱི་གཙོ་དོན་བྱེད་སྒོ་ཁྱབ་བསྒྲགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ7པར་འབའ་ཐང་རྫོང་གིས་ངོ་མཚར་ཆེ་བའི་འབའ་གྲོང་སྟེ་སྦི་རག་གཟའ་འཁོར་ཞེས་པའི་བྱེད་སྒོ་གཉེར་རྒྱུ་དང་། སྤྱི་ཟླ8པར་འབའ་པའི་རང་སྒྲ་ཞེས་པའི་གཞས་དང་རིག་གནས་སྒྱུ་རྩལ་གཟའ་འཁོར་གྱི་བྱེད་སྒོ་སྤེལ་རྒྱུ་དང་། སྤྱི་ཟླ9པར་འབའ་ཐང་གཟུགས་མེད་རིག་གནས་ཤུལ་བཞག་དང་ཟས་མཆོག་གཙོས་པའི་རིག་གནས་སྤེལ་རེས་ཀྱི་དུས་ཆེན་དབྱར་གནས་ལྷ་མོའི་རིག་གནས་སྤེལ་རེས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་རྒྱུ། སྤྱི་ཟླ10པར2023ལོའི་འབའ་ཐང་རྫོང་གི་གསར་གཏོད་ལས་གཏོད་རིག་གནས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་རྒྱུ་དང་། སྤྱི་ཟླ11པར་རིག་གནས་ཀྱིས་འཚོ་བ་བདེ་སྐྱིད་སྐྲུན་ཞེས་པའི་སྒྱུ་རྩལ་གཟའ་འཁོར་གྱི་བྱེད་སྒོ་སྤེལ་རྒྱུ། སྤྱི་ཟླ12པར་འབའ་ཐང་གི་ཡིག་རིས་དང་པར་རིས་འགྲེམས་སྟོན་བྱ་རྒྱུ་བཅས་རེད།།

( ཡེ་ཤེས་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་འགྲེམས་ཁང་དུ་ནུས་རྒྱུའི་ཐོན་ཁུངས་བཟང་ཤོས་ཀྱི་བཀྲག་མདངས་འཚེར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10