དཀར་མཛེས་ཁུལ་གྱི་འགྲེམས་ཁང་དུ་ནུས་རྒྱུའི་ཐོན་ཁུངས་བཟང་ཤོས་ཀྱི་བཀྲག་མདངས་འཚེར།

        2023-07-10

ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་ཉིན་བཞི་པར་དཀར་མཛེས་ཁུལ་འགྲེམས་ཁང་གིས“ནུས་རྒྱུའི་ཁུལ”དང་“རིག་གནས་ཡུལ་སྐོར་གྱི་ཁུལ”“ལྷད་མེད་ཁུལ”བཅས་ཀྱི་འགྲེམས་ཁུལ་དུ་དངོས་པོ་འགྲེམས་སྟོན་དང་། པར་རིས། ཡི་གེ། སྒྲ་དང་བརྙན་སོགས་མྱོང་རོལ་བརྒྱུད་དེ་འགྲེམས་ཞུགས་ཚོང་པ་དང་འགྲེམས་ཚོགས་ཀྱི་སྐུ་མགྲོན་མང་པོ་ཞིག་གི་ཡིད་དབང་བཀུག་པ་རེད།

དཀར་མཛེས་ཁུལ་འགྲེམས་ཁང་དུ་བསྐྱོད་པ་ན་དཀར་མཛེས་ཁུལ་གྱི་ཁྱད་ཆོས་མངོན་པར་ཕྱུག་ཡོད་པ་ཚོར་ཐུབ། རང་ཁུལ་གྱིས“ནུས་རྒྱུའི་ཁུལ”དང་“རིག་གནས་ཡུལ་སྐོར་གྱི་ཁུལ”“ལྷད་མེད་ཁུལ”བཅས་མིང་བྱང་གསུམ་པོ་པར་རིས་དང་ཡི་གེའི་ལམ་ནས་འགྲེམས་སྟོན་སྐུ་མགྲོན་གྱི་མིག་ལམ་དུ་མངོན་པར་བྱས། འཛམ་གླིང་གི་ཨང་དང་པོ་བདུན་དང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་གསུམ་དེ་བས་མངོན་གསལ་དོད་པོ་ཡོད་པ་མཐོང་ཐུབ། གློག་རྡུལ་བརྙན་ཤེལ་དུ“ནུས་རྒྱུའི་ཁུལ”སྐྲུན་པའི་ཕན་འབྲས་ཀྱི་དྲིལ་བསྒྲགས་བརྙན་ལམ་རེས་མོས་བྱས་ནས་གཏོང་བཞིན་ཡོད་ལ། ཚང་མར་རང་ཁུལ་གྱིས་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་གལ་ཆེན་སྐྲུན་པའི་ལེགས་ཆ་ཐད་ཀར་ཤེས་རྟོགས་ཐུབ་པ་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱིས་ས་ཁོངས་ཆེ་གྲས་ལྔའི་ནུས་ཁུངས་གཙང་མའི་རྟེན་གཞི་བཀོད་སྒྲིག་བྱས་པའི་ནང་ཉག་ཆུའི་བར་རྒྱུད་ལྟེ་བར་བྱས་ནས་ཆུ་གློག་དང་། འོད་ཤུགས། འཐེན་གསོག་བཅས་གཙོ་བོར་བྱས་པའི་དབུས་རྒྱུད་རྟེན་གཞི་བསྐྲུན་པ་དང་། ཕྱག་ཕྲེང་དང་། འདབ་པ། སྡེ་རོང་རྫོང་བཅས་ལྟེ་བར་བྱས་ནས་ཆུ་གློག་དང་། འོད་ཤུགས། རླུང་གློག་བཅས་ཀྱིས་གཙོ་བོ་བྱེད་པའི་ལྷོ་རྒྱུད་རྟེན་གཞི་བསྐྲུན་པ། འབྲི་ཆུ་ལྟེ་བར་བྱས་ནས་ཆུ་གློག་དང་། འོད་ཤུགས། རླུང་གློག་བཅས་ཀྱིས་གཙོ་བོ་བྱེད་པའི་ནུབ་རྒྱུད་རྟེན་གཞི་བསྐྲུན་པ། ཉག་ཆུའི་སྟོད་རྒྱུད་ལྟེ་བར་བྱས་ཏེ་ཆུ་གློག་དང་། འོད་ཤུགས། ནུས་གསོག་དཔེ་གསར་བཅས་ཀྱི་བྱང་རྒྱུད་རྟེན་གཞི་བསྐྲུན་པ། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་ལྟེ་བར་བྱས་པའི་ཆུ་གློག་དང་། འོད་ཤུགས། རླུང་གློག་བཅས་གཙོ་བོར་བྱས་ནས་ཤར་རྒྱུད་རྟེན་གཞི་བསྐྲུན་པ་རེད།

《ནུས་ཁུངས་གཙང་མའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》2025ལོར་སླེབས་སྐབས་ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་བསྡོམས་འབོར་སྟོང་ཝ་ཁྲི3000ལས་བརྒལ་བ་དང་། གློག་དྲྭ་འཛུགས་སྐྲུན་སྔར་བས་སྲ་བརྟན་དང་བློས་འགེལ་ཆོག་དང་། གློག་གཏོང་ནུས་སྟོ་ཝ་ཁྲི2200ལས་བརྒལ་བ། ཆུ་འོད་རླུང་གསུམ་ཕན་ཚུན་གསབ་རེས་འཕེལ་རྒྱས་དང་དྲ་བའི་འབྱུང་ཁུངས་མཐུན་སྦྱོར་འཕེལ་རྒྱས་བྱུང་བ། ནུས་ཁུངས་གཙང་མའི་མཁོ་སྤྲོད་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།།

( ཡེ་ཤེས་ཀྱིས་བསྒྱུར་ནས་ཞུས།)


  • ལེ་ཚན་སྔོན་མ།:ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དཔེ་རྙིང་བྱ་གཞག་འཕེལ་བར་བསྐུལ།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གིས2023ལོའི་ལོ་སྨད་ཀྱི་གཙོ་དོན་བྱེད་སྒོ་ཁྱབ་བསྒྲགས་བྱས།
  • དོ་སྣང་ཆེ་བའི་རྩོམ།