རོང་བྲག་རྫོང་གིས་དངོས་ལྗོངས་སློབ་ཁྲིད་བྱས་ནས་གསར་བརྗེའི་ཁྲག་རྒྱུན་བསྐྱངས།

ཀུན་དགས་བསྒྱུར།        2023-07-05

རོང་བྲག་རྫོང་གིས་དངོས་ལྗོངས་སློབ་ཁྲིད་བྱས་ནས་གསར་བརྗེའི་ཁྲག་རྒྱུན་བསྐྱངས།
རིག་རྩལ་དང་བླངས་པས《དམར་དམག་རྒྱང་སྐྱོད་ལ་མི་སྐྲག》ཅེས་པ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ།

ཉེ་ཆར། རོང་བྲག་རྫོང་གིས་བརྒྱ་རྒྱུད་གྲོང་རྡལ་གྱི་ཏང་མི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་དམར་དམག་འབུམ་ཤོག་ལྔ་པའི་ཆབ་སྲིད་པུའུ་ཡི་གནས་རྙིང་དུ་གསར་བརྗེའི་དངོས་ལྗོངས་སློབ་ཁྲིད་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་བསྐྱར་དྲན་བྱེད་པའི་བྱེད་སྒོ་ཞིག་སྤེལ་ཡོད།

བྱེད་སྒོ་འགོ་ཚུགས་མ་ཐག་འགྲེལ་བཤད་པས་ཚང་མ་ཁྲིད་དེ་དམར་དམག་འབུམ་ཤོག་ལྔ་པའི་ཆབ་སྲིད་པུའུ་ཡི་གནས་རྙིང་ལ་ལྟ་སྐོར་སོང་ཞོར་ངོ་སྤྲོད་བྱས་ཤིང་། མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་དང་གསར་བརྗེའི་རིག་དངོས་རེ་རེ། དཀར་ནག་འདྲ་པར་རེ་རེའི་གཏམ་རྒྱུད་ལས་ཏང་མི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་འཐུས་མིར་སྤྲོ་བ་འཕེལ་དུ་བཅུག་ཡོད། དེ་མིན་དམར་དམག་རྒྱང་སྐྱོད་ཀྱི་སྤྱིར་བཏང་མིན་པའི་ལོ་ཟླ་དང་གསར་བརྗེའི་སྙིང་སྟོབས་བསྐྱར་དྲན་བྱས་པར་མ་ཟད་མི་རིགས་ཀྱི་སྤོབས་སེམས་དང་ལས་འགན་སྒྲུབ་སེམས་ཀྱང་ཆེ་རུ་བཏང་ཡོད།

བྱེད་སྒོའི་ཁྲོད་ད་དུང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུ་གྲུབ་འདུ་ཤེས་སྲ་བརྟན་གཏོང་ཞེས་པ་དང་མི་རིགས་མཐུན་སྒྲིལ་སྒྲོག་འགྲེལ་རླངས་འཁོར་ཆེན་མོའི་སྒྲོག་འགྲེལ་བྱེད་སྒོའི་རིག་རྩལ་འཁྲབ་སྟོན་བྱས་ཡོད། གསར་བརྗེའི་གཏམ་རྒྱུད《རོང་བྲག་ཏུ་དམར་དམག་རྒྱང་སྐྱོད་བྱེད》ཅེས་པ་དང་། གྱེར་འདོན《གདོང་རི་བོ་བརྒལ་བ》གླུ་གཞས《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པ་སོགས་ལེ་ཚན་རེ་རེ་བཞིན་འཁྲབ་སྟོན་བྱས་ཡོད། དཔའ་དབང་ཆུང་གྲོང་སྡེའི་རིག་རྩལ་དང་བླངས་པས་རང་བརྩམས་བྱས་པའི《དམར་དམག་རྒྱང་སྐྱོད་ལ་མི་སྐྲག》ཅེས་པའི་ཞབས་བྲོའི་རྣམ་པའི་ཐོག་ནས་དམར་དམག་གིས་ལྕགས་ཐག་ཟམ་པ་བླངས་པ་དང་།གངས་རི་དང་རྩྭ་ཐང་བརྒལ་བ། སྔོ་ཚོད་ཟ་བ་སོགས་དཀའ་ཚེགས་ཆེ་བའི་རྣམ་པ་གསོན་ཉམས་དོད་པོས་མངོན་པར་ཚང་མའི་དགའ་བསུ་ཐོབ་ཡོད།

དཔའ་དབང་ཆུང་གྲོང་སྡེའི་རིག་རྩལ་དང་བླངས་པའི་འཐུས་མི་བསྟན་འཛིན་གྱིས་བཅིངས་འགྲོལ་མ་བཏང་གོང་མང་ཚོགས་ཀྱི་ལྟོ་གོས་དང་འཚོ་བ་སོགས་གང་ཅིའི་ཐད་དཀའ་ངལ་ཧ་ཅང་ཆེ། གུང་ཁྲན་ཏང་མེད་ན་ང་ཚོའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་མེད་པས་ང་ཚོས་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནམ་ཡང་ཏང་གི་བཀའ་ལ་ཉན་དགོས་ཞེས་བཤད།

བརྒྱ་རྒྱུད་གྲོང་རྡལ་གྱི་ལས་བྱེད་པ་ལིའུ་ཞུས་ཀྱིས་གསར་བརྗེའི་གནས་རྙིང་ལ་ལྟ་སྐོར་དུ་འགྲོ་བ་དང་གསར་བརྗེའི་གླུ་གར་འཁྲབ་སྟོན་ལ་བལྟས་པར་བརྒྱུད་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་རིག་གནས་ལ་དེ་བས་ཤེས་རྟོགས་བྱུང་ཡོད། གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་བསྐྱོད་དེ་ཡུལ་སྡེ་དར་རྒྱས་གཏོང་བའི་འཆར་གཞི་རེ་རེ་བཞིན་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད།

ཉེ་བའི་ལོ་ཤས་རིང་རོང་བྲག་རྫོང་གིས་ལྗོངས་དང་སྒྲ། བརྩེ་སེམས་བཅས་ལྡན་པའི་དངོས་ལྗོངས་སློབ་ཁྲིད་བྱས་མཐར། གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ནི་དེབ་ཐོག་དང་གཏམ་རྒྱུད་ཐོག་གི་མིང་ཙམ་མ་ཡིན་པར་སློབ་ཁང་ནང་གི་གསོན་ཉམས་དོད་པའི་སློབ་གཞི་དང་གསར་བརྗེའི་གཞི་རྒྱུ། གསར་བརྗེའི་ཁྲག་རྒྱུན་བསྐྱངས་པའི་ལག་ལེན་དངོས་ཀྱི་སྤུས་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ་སློབ་གྲྭར་སྤེལ་ནས་རིག་གནས་བརྒྱུད་འཛིན་གྱིས་བྱིས་བློ་བསྐྱེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10