རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་མགྱོགས་མྱུར་བསྐྲུན་ནས་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ལ་བསྐུལ་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2023-07-03

རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་མགྱོགས་མྱུར་བསྐྲུན་ནས་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ལ་བསྐུལ་དགོས།

སྤྱི་ཟླ6པའི་ཚེས27ཉིན་ལ་ཁུལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཚོགས་ཆེན་སེར་ཤུལ་རྫོང་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ནུས་རྒྱུའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱེད་པ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་མགྱོགས་མྱུར་བསྐྲུན་པ། འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་འདོན་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དཀར་མཛེས་ཁུལ་གྱི་བྱས་རྗེས་འབུལ་དགོས་ཞེས་གསུངས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་བཅས་ཚོགས་འདུར་ཞུགས་པ་རེད། ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཞིང་ཆེན་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་ལེང་ཝུའུ་ཧུའུ་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

ཧྲེན་དབྱང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུས་རྒྱུ་འཛད་སྤྱོད་གསར་བརྗེ་དང་། ནུས་རྒྱུ་མཁོ་སྤྲོད་གསར་བརྗེ། ནུས་རྒྱུའི་ལག་རྩལ་གསར་བརྗེ། ནུས་རྒྱུའི་སྒྲིག་སྲོལ་གསར་བརྗེ། ཕྱོགས་ཡོངས་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་རྒྱག་པ་བཅས་ལ་སྐུལ་འདེད་གཏང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ནུས་རྒྱུ་གསར་པ་དང་ནུས་རྒྱུ་གཙང་མ་འཕེལ་རྒྱས་ལ་སྐུལ་འདེད་གཏང་བ་དེ་བས་མངོན་གསལ་དོད་པོའི་གནས་བབ་ཏུ་བཞག་ནས་ང་ཚོས་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་ལས་དོན་ཆེན་པོ་དེར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཞིང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ལེགས་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ལྡབ་འཕར་གྱི་བྱ་སྤྱོད་ལག་ལེན་བསྟར་ནས་ནུས་རྒྱུའི་རྒྱུ་ཆ་སྒོར་དུང་ཕྱུར་ཁྲི་རིམ་པའི་རྐང་འཛིན་ཐོན་ལས་གསོ་སྐྱོང་བྱས་ཏེ་ནུས་རྒྱུ་གཙང་མ་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེ་ལ་འབྱུང་འགྱུར་ཡང་རེ་བ་ཆེན་པོ་ཡོད། རྫོང་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་གོ་སྐབས་དམ་འཛིན་དང་འབད་འབུངས་ཡར་བརྩོན་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་དང་ཉེན་མེད་ལ་སྤྱི་འདོམས་བྱེད་པ། མིག་སྔ་དང་ཕུགས་རིང་ལ་སྤྱི་འདོམས་བྱེད་པ། ཇུསའགོད་དང་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ། འབྱུང་འཕྲོད་ཐཱན་ཉུང་གི་ལེགས་ལྡན་ཐོན་ལས་ཚོགས་པ་མགྱོགས་མྱུར་གཏོད་པ། ནུས་རྒྱུ་གཙང་མའི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་ལེགས་ཆ། དམངས་ཕྱུག་གི་ལེགས་ཆ་བཅས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་འཐབ་ཇུས་ཀྱི་ཚུགས་གནས་དང་འཚམ་ཞིང་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལམ་བུར་བསྐྱོད་དགོས།

ཧྲེན་དབྱང་གིས་ནན་གསུང་གནང་དོན། ཁྱོན་ཡོངས་ལ་དམིགས་པ་དང་རྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱས་ནས་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཐབས་ལམ་དང་ཁ་ཕྱོགས་འཕྱུགས་མེད་འཚོལ་དགོས། འགན་འཁྲི་ཕྲག་ཏུ་འཁུར་བ་དང་ཁྱོན་ཡོངས་དང་མཉམ་འདྲེས་བྱས་ནས་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་སྤྱི་ཚོགས་ཀྱི་ལེགས་སྐྱེས་ཆེ་རུ་འབུལ་དགོས། འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་སྤུས་ཚད་མཐོན་པོའི་འགན་ལེན་མ་ལག་བསྐྲུན་དགོས།

ལེའང་ཝུའུ་ཧུའུ་ཡིས་ཤིས་ཚིག་སྒྲོན་སྐབས་ད་ཐེངས་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཚོགས་ཆེན་དུ་དཀར་མཛེས་ཁུལ་གྱིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་ཡིད་ཆེས་དང་ཆོད་སེམས་མངོན་པ་དེའི་ཐོག་ནས་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏང་རྒྱུ་དེ་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་པ་མཚོན་ཡོད། ཆེད་རམས་པ་ཚོས་ལག་རྩལ་མཛུབ་ཁྲིད་ཡག་པོ་བྱེད་པ་དང་བློ་འདྲིའི་ཞབས་ཞུར་ཤུགས་བསྣན་ཏེ་ནུས་རྒྱུ་གཙང་མའི་སྒྲིག་ཆས་ལག་རྩལ་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏང་དགོས། ནུས་རྒྱུ་ཁེ་ལས་ཁག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མ་གསར་སྤེལ་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལེའུ་གསར་པ་ཐུན་མོང་ཐོག་བརྩམ་དགོས་ཞེས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:ཁྱད་ཆོས་རིག་གནས་ཀྱི་སྤུས་རྟགས་བཏོད་དེ་དམངས་ ཁྲོད་རིག་རྩལ་བརྒྱུད་འཛིན་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།