དཀར་མཛེས་རྫོང་གིས་ནས་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་ཡོང་འབབ་འཕར་ཐབས་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-06-21

ཉེ་བའི་ལོ་ཤས་རིང་། དཀར་མཛེས་རྫོང་གིས་ནས་ཀྱི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ་ནས་ཀྱི་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་བཏང་བ་དང་བྲིན་ཚོང་ཐབས་ལམ་རྒྱ་ཇེ་ཆེ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཞིང་འབྲོག་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་བསྐུལ་བ་རེད།

དཀར་མཛེས་རྫོང་གིས་མ་དངུལ་སྒོར་དུང་ཕྱུར4.5བཏང་ནས་གེ་སར་ནས་རིག་གནས་ཐོན་ལས་གླིང་བསྐྲུན་པ་དང་ཧྲང་ཧའེ་པེ་མ་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་ནང་འདྲེན་བྱས་ཡོད། ད་སྔར། ཚད་ལྡན་ཅན་གྱི་ཐོན་སྐྱེད་འཁོར་ཁང3བསྐྲུན་ཟིན་པ་དང་། ནས་བག་ལེབ་དང་ནས་ཇ། ནས་ཐུག་སོགས་ནས་ཀྱི་ཐོན་རྫས་སྣ་ཁ100ལྷག་གསར་དུ་སྤེལ་ཟིན། ལོ་རེའི་ནས་ཕྱེ་ཐོན་ཚད་ཏུན4800ལ་ཟིན་པ་དང་ལོ་རེའི་ནས་བག་ལེབ་ཐོན་ཚད་སྒམ18000ལ་ཟིན་པ་རེད།

དུས་མཉམ་དུ་རྫོང་དེས་ཁ་གཏད་རོགས་སྐྱོར་གྱི་ལས་སྟེགས་ལ་བརྟེན་ནས་ཀྲེ་ཅང་ཐའེ་ཀྲོའུ་གྲོང་ཁྱེར་ལུའུ་ཆའོ་ཆུས་དང་ཁྲེང་ཏུའུ་གྲོང་ཁྱེར་ལུང་ཆོན་དབྱི་ཁུལ་དུ་ཞིང་ལས་ཐོན་རྫས་ཁ་གཏད་རོགས་སྐྱོར་བྱེད་པའི་ཐད་གཏོགས་ཚོང་གཉེར་ཁང་བཙུགས་པ་དང་འབྲེལ་ཐའོ་པའོ་དང་འཁྱུག་དབྱིངས་སོགས་ཐད་གཏོང་ལས་སྟེགས་བརྒྱུད་ཟོག་འཚོང་བྱས་པ་རེད། ད་སྔར་ནས་ཀྱི་ཐོན་རྫས་བྲིན་ཚོང་བྱེད་ཚད་སྒོར་ཁྲི700ལྷག་ལ་ཟིན་ཡོད་པ་རེད། གཞན་ཡང་དཀར་མཛེས་རྫོང་གིས་མ་གནས་སྲུང་བའི་ཉོ་སྒྲུབ་བྱེད་ཐབས་བརྒྱུད་ནས་རྫོང་ཁོངས་ཀྱི་ཆ་སྙོམས་ཉོ་སྒྲུབ་རིན་གོང་ལས་མཐོ་བའི་ཐོག་ནས་རྫོང་ཡོངས་ཀྱི་ཁྱབ་ཁོངས་དང་དེ་བཞིན་ཉེ་འཁོར་ས་ཁུལ་གྱི་ནས་ཉོ་སྒྲུབ་བྱས། ཚོད་དཔག་བྱས་ན་ད་ལོ་ཉོ་སྒྲུབ་བྱེད་ཚད་ཏུན8700ལ་ཟིན་རྒྱུ་དང་། མང་ཚོགས་ལ་འབབ་འཕར་སྒོར་ཁྲི4350དང་མང་ཚོགས་ཁྲི2ལྷག་ལ་ཕན་ཐོགས་རྒྱུ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མཐོ་སྒང་གི་རྒུན་ཆང་ཐོན་ ལས་འཕེལ་རྒྱས་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།