རྒྱང་བཞུད་ཀྱི་ ནམ་ཟླ།

མགར་མེ་དུངས།        2023-07-03

ངས་ནི་མཚན་མོའི་ཁ་ཁུ་སིམ་པོའི་ངོའི།།

ཞེ་སེམས་རྒྱང་ལ་བཞུད་པའི་གཏམ་རྒྱུད་ལ།།

ངལ་ཞིང་དུབ་པའི་མེ་ཏོག་འཐུ་བ་མཐོང་།།

སྐྱོ་ཞིང་དུང་བའི་གླིང་བུ་བུས་པ་མྱོང་།།

ལྷིང་འཇགས་གང་ཞིག་སྨྲེང་བས་དེད་པ་ཚོར།།

དེ་དུས་ཁྱོད་ནི་ལྷིང་འཇགས་མཚན་མོ་འདིའི།།

རབ་ཏུ་གསལ་བའི་ཟླ་བ་འོད་ཀོར་བཞིན།།

གློ་བུར་གློ་བུར་ཡལ་བའི་གྲིབ་མ་དེར།།

མངོན་སུམ་ཚིག་གི་ཡོད་ཚད་མ་མྱོང་ཡང་།།

ལྐོག་གྱུར་ཤར་མཐའི་སྐར་ཆེན་ཨེ་ཡིན་སྙམ།།

འོན་ཀྱང་མཚན་ནུབ་འདི་ཡི་གནམ་གྱི་མཐར།།

ང་རང་སྨག་རུམ་མཐུག་པོའི་མགྲོན་པོ་བཞིན།།

ལས་ཀྱི་ལམ་ཆུང་རྐང་གིས་གནོན་བཞིན་དུ།།

གཅིག་པུར་གླུ་ཆུང་ངག་གིས་ལེན་བཞིན་ངང་།།

ས་སྲོད་འདི་ཡི་བསྒུལ་བའི་ཆར་ཞོད་ནང་།།

ཁ་དོག་མིག་གི་འཚོལ་བའི་ཉིན་སྲིབ་ཏུ།།

དུང་ཞེན་ཆར་འདྲེས་ནང་གི་ལུག་ཁྱུ་དེར།།

ང་ཉིད་གཅོང་དུས་གླུ་ཆུང་སིང་ངེར་དུ།།

མཚན་མོའི་ཁུ་སིམ་སྒེའུ་ཁུང་ཡོལ་ཕྱེས་ཏེ།།

ཧ་ཅང་ཉག་ཕྲའི་ཚིག་འགའི་རང་སེམས་གསོས།།

  • ལེ་ཚན་སྔོན་མ།:རླུང་ནང་གི་མར་མེ།
  • ལེ་ཚན་རྗེས་མ།:ཚངས་མགུར་ནང་ལ་ཐིམ་པའི་ཚངས་དབྱངས་རྒྱ་མཚོ།