རང་བྱུང་ཁམས་ཀྱི་གཞས།

གཞི་ཚང་ཟླ་བ་གྲགས་པ།        2023-06-30

ཡུལ་སྐོར་ལྗོངས་རྒྱུ་བསམས་ནས།།

རི་ལ་དར་ལྕོག་བཙུགས་ཡོད།།

ལྷ་ལ་ལྷ་བསང་ཕུལ་ཡོད།།

སྲིད་པའི་རྟེན་འབྲེལ་འཁོར་ལོས།།

ལམ་ལ་ཤར་ནུབ་འབྱེད་དུས།།

མུ་སྟེགས་རྒྱང་འཕེན་པ་ཡི།།

སྙིང་སྟོབས་སྙིང་ལ་དམར་བ།།

གཙང་འགྲམ་གྲམ་རྡོ་སྔོ་ནག།

བརྩིག་ན་གཞིས་ཁང་བརླག་འགྲོ།།

མ་བརྩིགས་སྙིང་ལ་གཟན་པ།།

ཀྱེ་མ་ཟུང་གི་ལས་སྐལ།།

འདི་ལས་བཟང་ན་སྤྲོ་ཨང་།།

སྣང་བའི་འོད་རླབས་དཀྱིལ་ནས།།

མི་ཚེའི་ལ་མོ་བརྒལ་ཆོག།

སྨུག་པ་ལ་འཐིབ་ལུང་འཐིབ།།

གངས་རིའི་ཞལ་ངོ་བོར་སོང་།།

དབྱར་ཟླ་ལྔ་པའི་ཆར་རླུང་།།

སྟོན་ཁའི་བུ་ཡུག་འཕྲུལ་ནས།།

ཉི་མ་བདེ་དྲོད་རང་འབར།།

གྱེར་ཆུང་སྐྱེས་རི་བརྒལ་ནས།།

རྒྱང་རིང་མུན་པར་རྒོལ་ལོ།།

ཕར་རྒྱབ་ཉི་མའི་གྲོང་ནས།།

ཉི་འོད་ལམ་ལམ་གསེང་ནས།།

དཔྱིད་ཆར་ཟིམ་ཟིམ་འབབ་ཤོག།

ཁྱོད་ཀྱི་ཞམ་འཛུམ་པད་མོར།

གཡུ་ཡི་གཡུང་དྲུང་འཁྲུངས་ན།།

བདག་ཉིད་གངས་ཁྲོད་ལུས་ཀྱང་།།

ཞེ་ནས་བདེ་དྲོད་འབར་ཡོང་།།

འཁོར་བའི་མཚན་སྨག་རྒོད་ཀྱང་།།

རྨི་ལམ་སྟུག་པོའི་ཞིང་དུ།།

དཔྱིད་ཀྱི་དཔལ་མོ་རྒྱས་སྐབས།།

ཁྱོད་རང་ཉི་འོད་ཚུལ་གྱིས།།

བདག་གི་རྩྭ་ཐང་འཚེར་ན།།

ནམ་ལངས་བྱེའུ་སྐད་འགྱུར་བ།།

ང་ཡི་གཤེད་མ་ཡིན་ཆོག།



  • ལེ་ཚན་སྔོན་མ།:གཟུགས་ཀྱི་ལྷ་མོ།
  • ལེ་ཚན་རྗེས་མ།:ཁ་བྱང་དབེན་པའི་རྩོམ་ཚན་འགའ།