བརྒྱད་ཅུ་སྟོན་པ་དྲན་སོང་།

བདེ་ཆེན་ངག་གྲོལ།        2023-06-26

འཁོར་བ་སྡུག་བསྔལ་འདམ་གྱི་སྦུབས་ཀློང་དུ། །

མི་ཚེ་མར་མེ་འདྲ་བ་རླུང་དཀྱིལ་ན། །

ངེས་མེད་འཕྲལ་རྐྱེན་དུ་མས་བཀལ་ས་ནས། །

བརྒྱད་ཅུ་སྟོན་པའི་འདས་ལོ་སྙིང་ནས་དྲན། །

ཟང་ཟིང་ཅ་ཅོས་འཁྱེར་བའི་འཇིག་རྟེན་དུ། །

འཚོ་བའི་ནང་སྙིང་དགའ་སྡུག་བང་རྩལ་འགྲན། །

བླང་དོར་འབྱེད་པའི་བློ་གྲོས་མེད་ས་ན། །

བརྒྱད་ཅུ་སྟོན་པའི་འདས་ལོ་སྙིང་ནས་དྲན། །

ཇི་ཙམ་སྐྱོ་ཡང་སྐྱོ་དུབ་མ་སེལ་ཞིང་། །

འཁོར་བ་སྡུག་བསྔལ་རྙོག་པའི་རྒྱ་མཚོ་ལ། །

བདེན་རྫུན་གཉིས་ཀྱི་ངོ་བོ་མེད་ས་ནས། །

བརྒྱད་ཅུ་སྟོན་པའི་འདས་ལོ་སྙིང་ནས་དྲན། །

དགའ་དུས་སྐྱིད་ཀྱི་སྣང་བ་མི་ཤེས་ཤིང་། །

རྨོངས་པའི་སྐྱེ་བོ་ཤིན་ཏུ་མོད་པའི་དུས། །

མཁྱེན་བརྩེ་ནུས་པ་ཅན་དེ་མེད་ས་ནས། །

བརྒྱད་ཅུ་སྟོན་པའི་འདས་ལོ་སྙིང་ནས་དྲན། །

རང་སེམས་རང་ངོ་ཤེས་པའི་འཇིག་རྟེན་ཞིག །

ནང་པའི་ཆོས་ལུགས་ཟེར་བའི་ཐེམ་སྐས་སུ། །

བསྟན་པ་ཉི་ཟླ་བཞིན་དུ་ཡོད་ས་ནས། །

བརྒྱད་ཅུ་སྟོན་པའི་འདས་ལོ་སྙིང་ནས་དྲན། །

འཆི་བ་ཆོས་ཉིད་དངོས་པོའི་གཤིས་ལུགས་སུ། །

འོད་གསལ་མ་བུ་འཕྲོད་པའི་འབབ་སྒོ་རུ། །

སྨིན་གྲོལ་ལམ་གྱི་ཐབས་ཤེས་ཡོད་ས་ནས། །

བརྒྱད་ཅུ་སྟོན་པའི་འདས་ལོ་སྙིང་ནས་དྲན། །

འཁོར་བ་འདམ་གྱི་དྲི་མས་གོས་ས་ནས། །

རིས་མེད་ཆོས་ཀྱི་རྒྱལ་ས་བཏབ་མཁས་པ། །

དུས་གསུམ་ཀུན་ཏུ་ཐུགས་རྗེ་ཡོད་ས་ནས། །

བརྒྱད་ཅུ་སྟོན་པའི་འདས་ལོ་སྙིང་ནས་དྲན། །

མི་སེམས་ནག་ནོག་དྲི་མ་སེལ་བ་ལ། །

དུག་གསུམ་ཁོང་དུ་ཡེ་ནས་དགག་དགོས་སྙམ། །

ཐབས་ཤེས་ཟུང་འབྲེལ་ལམ་ཞིག་ཡོད་ས་ནས། །

བརྒྱད་ཅུ་སྟོན་པའི་འདས་ལོ་སྙིང་ནས་དྲན། །

  • ལེ་ཚན་སྔོན་མ།:དོ་ནུབ།
  • ལེ་ཚན་རྗེས་མ།:སེམས་སོང་སྙིང་གི་ནོར་བུ།