འཕྲིན་སྦྱོར་མཉམ་འདྲེས་དུས་སྐབས་ཀྱི་གསར་འགོད་པར་འདང་དགོས་པའི་ཆ་རྐྱེན་སྐོར་གླེང་བ།

པད་མ་མཚོ།        2023-06-25

གསར་འགྱུར་ལས་དོན་གྱི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བའི་དེང་གི་དུས་བཟང་འདིར། གསར་འགོད་པ་རྣམས་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད་པར་མ་ཟད། དེ་ལས་བཟང་བའི་འགྲན་སློང་གསར་པ་ཞིག་ཀྱང་བྱིན་ཡོད། གསར་འགྱུར་ལས་དོན་པ་ནི་ཏང་དང་སྲིད་གཞུང་གི་ལྕེ་དང་རྣ་མིག་ལྟ་བུ་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཚབ་བྱས་ཏེ་གཏམ་བཤད་མཁན་དྲང་པོ་ཞིག་ཀྱང་ཡིན་པས། གསར་འགོད་པའི་ཕྲག་ཏུ་བབས་པའི་ལས་འགན་ནི་ཧ་ཅང་ལྕི། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ཏེ་རང་ངོས་ཀྱི་ཆབ་སྲིད་བྱང་ཚད་དང་ཤེས་བྱའི་བྱང་ཚད། ལས་དོན་བྱང་ཚད་སོགས་མཐོ་རུ་བཏང་ནས། འཕེལ་རྒྱས་ཤིན་ཏུ་མགྱོགས་པའི་འཕྲིན་སྦྱོར་ལས་རིགས་ཀྱི་འགྲན་རྩོད་ཁྲོད་དུ། སྤྱི་ཚོགས་དང་མང་ཚོགས་ལ་དགེ་མཚན་བསྐྲུན་ཐུབ་པའི་གསར་འགྱུར་ལས་དོན་པ་ཞིག་བྱེད་པར་བརྩོན་ལེན་བྱ་དགོས།

གཅིག། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དགོས།

དུས་རབས་འཕེལ་རྒྱས་ཇི་ལྟར་བྱུང་བ་དང་འཕྲིན་སྦྱོར་གྱི་གནས་སྟངས་འགྱུར་ལྡོག་གང་འདྲ་བྱུང་རུང་། ཏང་གི་གསར་འགོད་པ་ཞིག་ཡིན་ཕྱིན་ཏང་གཤིས་ཀྱི་རྩ་དོན་གཏན་ནས་བསྒྱུར་མི་རུང་། 2016ལོའི་ཟླ་བ2པའི་ཚེས19ཉིན་ལ་འཚོགས་པའི་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་འབྲུ48ཀྱི་ཐོག་ནས་ཏང་གི་གསར་འགྱུར་ལས་དོན་གྱི་འགན་འཁྲི་དང་ལས་འགན་གཏན་འཁེལ་གནང་ཞིང་། ཁོང་གིས་འགན་འཁྲི་དང་ལས་འགན་དེ་འཁུར་དགོས་ན་ངེས་པར་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཨང་དང་པོར་གཞག་དགོས་ཞེས་གསུངས་པ་རེད། དུས་རབས་འཕེལ་རྒྱས་ཇི་ལྟར་བྱུང་བ་དང་། ཁྱབ་སྤེལ་ལག་རྩལ་ཡར་ཐོན་ཇི་ལྟར་བྱུང་བ། གླེང་ཕྱོགས་ཀྱི་ཁོར་ཡུག་རྙོག་འཛིང་ཇི་ལྟར་ཆེ་བ། འཕྲིན་སྦྱོར་གྱི་གནས་སྟངས་འགྱུར་ལྡོག་ཇི་ལྟར་བྱུང་ནའང་ཏང་གཤིས་ཀྱི་རྩ་དོན་བསྒྱུར་མི་རུང་། ཐོག་མཐའ་བར་གསུམ་དུ་ཏང་གཤིས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། དེ་བས་གསར་འགྱུར་ལས་དོན་པ་ཞིག་ཡིན་པའི་ཆ་ནས། དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་མཛུབ་སྟོན་དུ་བྱས་ནས། ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་བཏང་བ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་ཕྱོགས་ཁོང་དུ་ཆུད་པར་བྱས་ཤིང་། མང་ཚོགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་དང་མང་ཚོགས་ཀྱི་ལྟ་བ་ཐོ་འགོད་བྱས་ནས་ཏང་དང་མི་དམངས་བར་གྱི་འབྲེལ་ཟམ་ཞིག་བྱས་ནས་དམངས་ལ་ཞབས་ཞུ་བསྒྲུབ་དགོས། དེའི་སྐབས་སུ་གསར་འགོད་པ་ཞིག་གི་ཏང་དང་མི་དམངས་ཀྱི་མགྲིན་ཚབ་དང་། མི་དམངས་ཀྱི་སྤྱི་ཞབས་པ་ཞིག་གི་འགན་འཁྲི་བརྟན་པོར་བཟུང་ནས་གསར་འགྱུར་ཐོན་ཡུལ་དངོས་སུ་བསྐྱོད་ནས་བཅར་འདྲི་བྱས་ནས་གསར་འགྱུར་དོན་དངོས་རྣམས་ཇི་མ་ཇི་བཞིན་དུ་སྤེལ་དགོས།

གཉིས། ཆེད་ལས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་དགོས།

ལས་གང་ཞིག་ལ་འཇུག་རུང་ཆེད་ལས་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ། ལྷག་པར་དུ་གསར་འགྱུར་ལས་དོན་པ་ཞིག་ལ་ཆ་བཞག་ནས་བཤད་ན། གསར་འགྱུར་གྱི་ཆེད་ལས་ཤེས་བྱ་ནི་གསར་འགྱུར་ལས་དོན་ལ་འཇུག་པའི་སྒོ་མོ་ལྟ་བུ་ཡིན་པས། གསར་འགོད་པས་གསར་འགྱུར་གྱི་རིགས་པའི་གཞུང་ལུགས་ལ་བསླབ་དགོས་པར་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་ཚན་རིག་ལག་རྩལ་གྱི་དར་རྒྱས་དང་བསྟུན་ནས་གསར་བྱུང་གི་འཕྲིན་སྦྱོར་ཐད་ཀྱི་ཤེས་བྱ་གང་ཐུབ་ཀྱིས་བསླབ་དགོས། གསར་འགོད་པ་ཞིག་ལ་མཚོན་ན། བཅར་འདྲི་སྐབས་སུ་གནད་དུ་ཁེལ་བའི་དྲི་བ་འདྲི་རྒྱུ་སྔ་ས་ནས་གྲ་སྒྲིག་བྱ་དགོས་པ་དང་། རྒྱས་འཕྲིན་སོགས་གསར་འགྱུར་གྱི་ནང་དོན་ལ་བརྗོད་བྱ་འབུར་དུ་ཐོན་ཐུབ་པ་བྱ་དགོས་པ་དང་། གསར་འགྱུར་ཆེད་ལས་ཀྱི་ཤེས་བྱ་ཡིད་ལ་ལེགས་པོ་འབྱོར་ཐུབ་པ་བྱ་དགོས། བོད་ཀྱི་ཁ་དཔེ་རུ་ཆུ་ཐིགས་བསགས་པས་རྒྱ་མཚོ། ས་རྡུལ་བསགས་ནས་རི་རབ་ཅེས་པ་ལྟར། དེང་གི་དུས་རབས་ཀྱི་གསར་འགོད་པ་ཞིག་ལ་མཚོན་ན། གསར་འགྱུར་འབྲི་ཐུབ་ལ། པར་ཡང་ལེན་ཤེས་པ། བརྙན་ཕབ་ཤེས་པ། རྩོམ་སྒྲིག་ཤེས་པ། པར་ངོས་སྒྲིག་ཤེས་པ་སོགས་འཕྲིན་སྦྱོར་མཉམ་འདྲེས་དུས་རབས་ཀྱི་ཚད་ལྡན་གྱི་གསར་འགྱུར་ལས་དོན་པ་ཞིག་བྱེད་པར་བརྩོན་ལེན་བྱ་དགོས།

གསུམ། ཡུལ་དངོས་སུ་བསྐྱོད་ནས་གསར་འགྱུར་དོན་དངོས་དགོད་རྒྱུ་རྒྱུན་འཁྱོངས་བྱ་དགོས།

གསར་འགྱུར་ནི་ངེས་པར་དུ“དོན་དངོས་བརྗོད་དགོས”ཞེས་པ་ལྟར་དོན་དངོས་ནི་གསར་འགྱུར་གྱི་བླ་སྲོག་ཡིན་ལ་གསར་འགྱུར་གྱི་འབྱུང་ཁུངས་ཀྱང་ཡིན། གསར་འགྱུར་ཐོན་ཡུལ་དུ་དངོས་སུ་བསྐྱོད་ནས་བཅར་འདྲི་བྱས་ན་ད་གཟོད་མང་ཚོགས་ཀྱི་སེམས་སྒྲ་དངོས་འགོད་ཐུབ་ལ།བྲིས་པའི་གསར་འགྱུར་དེའང་གསོན་ཤུགས་དང་དོན་སྙིང་ལྡན་ལ། མི་ལ་སེམས་འགུལ་ཐེབས་ཐུབ་པ་རེད། དེ་མིན་གཞུང་ལས་ཁང་དུ་བསྡད་དེ་སྡེ་ཁག་གིས་བསྐུར་འོང་བའི་འཕྲིན་ཐུང་སོགས་ལ་གཞིགས་ནས་གསར་འགྱུར་འགོད་པ་ལས་དཔེ་མཚོན་རང་བཞིན་དང་ཆེས་རྒྱུན་ལྡན་གྱི་གསར་འགྱུར་ཆུང་ངུ་ཞིག་གམ་ཡང་ན་བརྗོད་བྱ་སྐམ་པས། མི་ལ་སེམས་འགུལ་ཐེབས་པའི་གསར་འགྱུར་ལེགས་པོ་ཞིག་འབྲི་མི་ཐུབ་པ་རེད། གཞན་ཀློག་པ་པོའི་མིག་དབང་འཕྲོག་པ་དང་བསྔགས་བརྗོད་མང་པོ་ཡོང་བའི་ཆེད་དུ་གསར་འགྱུར་རྟོག་བཟོ་དང་རྫུན་བཟོ་སོགས་གཏན་ནས་བྱེད་མི་རུང་། “བདེན་པ་ནི་གསར་འགྱུར་གྱི་བླ་སྲོག་ཡིན”ཞེས་པ་ལྟར། ང་ཚོས་གསར་འགྱུར་འགོད་པའི་སྐབས་སུ་གསར་འགྱུར་ལས་རིགས་ཀྱི་བསྲུང་བྱ་ཁག་ནན་མོ་བསྲུངས་ནས་འཕྲིན་སྦྱོར་མཉམ་འདྲེས་དུས་སྐབས་ཀྱི་གསར་འགྱུར་ལས་དོན་པ་ཚད་ལྡན་ཞིག་བྱ་རྒྱུར་བརྩོན་ལེན་བྱ་དགོས།

  • ལེ་ཚན་སྔོན་མ།:«ཕས་བུར་བཏམས་ཤིང་བསྟན་པའི་མདོ»ལས་མི་ཆོས་སློབ་གསོའི་སྐོར་གླེང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།