ཨོ་རྒྱན་དོན་གྲུབ། 2022-12-13
འཕྲིན་སྦྱོར་གྱི་གོ་དོན།
འཕྲིན་སྦྱོར་ཞེས་པ་ནི༼media媒体༽ཞེས་པ་འདི་བོད་འགྱུར་བྱས་པའི་ཐ་སྙད་ཅིག་རེད། འདི་ལ་ཐོག་མར་ལྗོངས་ཞིང་ལྔའི་བོད་ཡིག་འཕྲིན་སྦྱོར་ཚོགས་འདུར༼སྨྱན་སྦྱོར༽ཞེས་བསྒྱུར་ཡོད་རེད། གསར་བྱུང་ཐ་སྙད་རྒྱུན་བཀོལ་འཕྲིན་མིང་མཛོད་རྩོམ་སྒྲིག་ཚན་ཆུང་གིས༼འཕྲིན་སྦྱོར༽ཞེས་གཏན་འབེབས་གནང་བ་རེད། རྗེས་སོར་མདོ་ཁམས་ཕྱོགས་སུ་འཕྲིན་སྦྱོར་ཞེས་པ་འདི་རྒྱུགས་ཆེ་བ་བྱུང་བས། ད་ལྟར་ཡོངས་གྲགས་ཀྱིས་འཕྲིན་སྦྱོར་ཞེས་པ་འདི་བེད་སྤྱོད་གནང་བཞིན་འདུག། འཕྲིན་སྦྱོར་ཞེས་པ་འདི་ནི་ཐ་སྙད་རྙིང་པ་ཞིག་གིས་བསྟན་དོན་གསར་པ་ཞིག་བསྟན་ནས་བརྡའམ་གནས་ཚུལ་རྣམས་སྐྱེལ་བར་བྱེད་པའི་ལག་ཆ་ཞིག་ལ་གོ་ཞིང་། ཚགས་པར་རམ་བརྙན་འཕྲིན་ནམ་རྒྱང་སྒྲོག་གམ་འགྲེམ་བརྡ་ལྟ་བུའོ།། བོད་ཀྱི་སྲོལ་རྒྱུན་འཕྲིན་སྦྱོར་ནི་གཙོ་བོ་ཚགས་པར་དང་དུས་དེབ། རྒྱང་བསྒྲགས། བརྙན་འཕྲིན་སོགས་ཀྱི་ཐབས་ལ་བརྟེན་ནས་གསར་བྱུང་གི་ཆ་འཕྲིན་དག་དུས་ཐོག་ནས་བརྒྱུད་སྒྲོག་བྱས་པ་ཞིག་རེད། མི་ཚང་མས་དེང་རབས་འཕྲིན་སྦྱོར་གསར་པ་མ་བསླེབ་གོང་གཙོ་བོ་ཚགས་པར་དང་དུས་དེབ། རྒྱང་བསྒྲགས། བརྙན་འཕྲིན་སོགས་ལ་བརྟེན་ནས་ཆ་འཕྲིན་ཤེས་རྟོགས་དང་བརྒྱུད་བསྒྲགས་བྱེད་ཀྱི་ཡོད་པ་རེད། དེ་དག་ནི་སྲོལ་རྒྱུན་འཕྲིན་སྦྱོར་རེད། དེ་དག་ལས་བོད་ལ་གཙོ་བོ་བོད་ཡིག་ཚགས་པར་དེ་ལགས་པས་བོད་ཀྱི་ཚགས་པར་གྱི་བྱུང་འཕེལ་སྐོར་ནས་རྒྱུས་ལོན་ཞིག་བྱ།
བོད་ཀྱི་སྲོལ་རྒྱུན་འཕྲིན་སྦྱོར་བོད་ཡིག་ཚགས་པར་ཐོག་མར་བྱུང་ཚུལ།
དུས་རབས་ཉི་ཤུ་པའི་དུས་མགོ་ཙམ་ནས་བོད་ཀྱི་སྲོལ་རྒྱུན་འཕྲིན་སྦྱོར་བོད་ཡིག་ཚགས་པར་ཐོག་མར་བྱུང་ནས་ད་ལྟའི་བར་ལོ་བརྒྱ་ལྷག་ཙམ་འདས་ཟིན་ཞིང་། བོད་ཡིག་གི་ཚགས་པར་འདི་དར་བ་ནས་བོད་ཀྱི་ཆོས་སྲིད་ཟུང་གི་འཕེལ་རྒྱས་ལ་ཕན་འབྲས་ཧ་ལས་པ་ཐོན་ཡོད་པར་མ་ཟད། བོད་ཁམས་ཡོངས་ནས་ཚགས་པར་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་གཞན་གྱི་རིག་གནས་ལ་སློབ་སྦྱོང་དང་། རང་གི་རིག་གནས་ཁྱབ་སྤེལ་དང་རྒྱུན་འཛིན་བྱེད་པར་ཕན་ནུས་ཐོན་ཡོད། དེ་བས་ཚགས་པར་བྱུང་འཕེལ་ལོ་རྒྱུས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པའི་དགོས་པ་ཤིན་ཏུ་ཆེ་བར་འདོད་པས། གཤམ་དུ་བོད་ཡིག་ཚགས་པར་སྔ་གྲས་བཞི་གཞིར་བཟུང་ནས་བོད་ཡིག་ཚགས་པར་གྱི་བྱུང་འཕེལ་སྐོར་རགས་ཙམ་བརྗོད་པར་བྱ།
དང་པོ། ལ་དྭགས་ཨག་པར་ཞེས་པའི་བོད་ཡིག་ཚགས་པར་བྱུང་ཚུལ།
བོད་ཀྱི་སྲོལ་རྒྱུན་འཕྲིན་སྦྱོར་བོད་ཡིག་ཚགས་པར་གྱི་ཐོག་མ་ནི་ལ་དྭགས་ཨག་པར་ཡིན་པ་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་ཚང་མས་ཁས་འཆེས་ཤིང་། ཨག་པར་ཞེས་པ་ནི་ཨར་ཏིའི་སྐད་དུ་གསར་འགྱུར་གྱི་དོན་ཡིན་ལ། དེ་ནི་སྤྱི་ལོ1904ལོར་ལ་དྭགས་གླེ་གྲོང་ཁྱེར་དུ་འཇར་མན་གྱི་ཆོས་སྤེལ་བ་ཧྥུ་རན་ཁུས་ལ་དྭགས་སུ་ཡེ་ཤུའི་ཆོས་ལུགས་དར་སྤེལ་བྱ་ཆེད་འགྲེམ་སྤེལ་བྱས་པ་དང་། དེས་བོད་ཀྱི་ཚགས་པར་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་དང་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་ནི་སྨོས་མེད་རེད། ཚགས་པར་དེ་ནི1907ལོའི་བར་འགྲེམ་སྤེལ་གྱི་རྒྱུན་བསྐྱངས་ཀྱང་། རྩོམ་སྒྲིག་པ་ཧྥུ་རན་ཁུས་ལས་མཚམས་བཞག་པ་དང་སྤྱི་ཚོགས་ཕན་འབྲས་དེ་ཙམ་མ་བྱུང་སྟབས་པར་མཚམས་བཞག་པ་རེད། དེའི་ཕྱི་ལོར་ལས་གྲོགས་བོད་མི་སྐོར་ཞིག་གིས་ཚགས་པར་ལ་བོད་ཉམས་དོད་ཆེད་ལ་དྭགས་ཕོ་ཉ་ཞེས་པར་བསྒྱུར་ནས་ལོ་གཅིག་ལ་རྒྱུན་བསྐྱངས་ཀྱང་ཡང་བསྐྱར་མཚམས་ཆད། དང་ཐོག་ཚགས་པར་དེ་སྤེལ་དོན་ནི་ལ་དྭགས་ཡུལ་དུ་ཡེ་ཤུའི་ཆོས་ལུགས་དར་སྤེལ་བྱ་ཆེད་ཡིན་ཡང་། ཚགས་པར་གྱི་ནང་དོན་དངོས་ནི་ཆོས་ལུགས་ཁོ་ན་ཙམ་མ་ཡིན་པར་སྐབས་དེའི་འཛམ་གླིང་ཤར་ནུབ་ཀུན་གྱི་གནས་སྐབས་གསར་འགྱུར་དང་ཐོན་དངོས་གསར་པའི་ཚོང་འཕྲིན། ལོ་རྒྱུས་སོགས་ནང་དོན་མང་པོ་སྤེལ་བཞིན་ཡོད་པས། ཚགས་པར་དེས་ཐོག་མར་བོད་མི་རྣམས་ལ་འཛམ་གླིང་ཤར་ནུབ་ཀྱི་ལྟད་མོ་སྣ་མང་མཐོང་དུ་བཅུག་པར་མ་ཟད། རང་གི་གནས་བབ་ལ་བསམ་གཞིག་དང་རིག་གནས་གསར་པར་གདོང་གཏོད་དགོས་པར་སྐུལ་འདེད་ཀྱང་བྱས་ཡོད།
གཉིས་པ། བོད་ཀྱི་ཕལ་སྐད་གསར་འགྱུར་ཞེས་པའི་བོད་ཡིག་ཚགས་པར་བྱུང་ཚུལ།
དུས་རབས་ཉི་ཤུ་པའི་དུས་མགོར། ཀྲུང་གོའི་སྤྱི་ཚོགས་ཀྱི་ཆ་འཕྲིན་འཁོར་རྒྱུག་དེ་སྲིད་གཞུང་གིས་སྒེར་སྡེམ་བྱས་ཡོད་པས་མི་རྣམས་ཀྱིས་ཆ་འཕྲིན་གྱི་འཁོར་སྐྱོད་ངེས་ཅན་ཞིག་བརྒྱུད་རྗེས་ད་གཟོད་ཕྱི་རོལ་འཇིག་རྟེན་གྱི་གནས་སྟངས་དང་ཆབ་སྲིད་ལ་རྒྱུས་ལོན་བྱེད་ཐུབ་པ་རེད། ས་གནས་ཀྱི་སྟོབས་ཤུགས་གོང་དུ་འཕེལ་བ་དང་མཉམ་དུ་ཚགས་དེབ་ཀྱིས་ཕན་ནུས་གལ་ཆེན་བཟུང་ཡོད་ལ། སྐབས་དེར་ཆིང་སྲིད་གཞུང་གིས་ཡོ་རོབ་ཏུ་སློབ་སྦྱོང་བྱས་མྱོང་མཁན་གྱི་བོད་སྡོད་ཨམ་བན་མཐའ་མ་ལེན་ཡུས(联豫)ལྷ་ས་རུ་སྲིད་གསར་སྤེལ་བར་མངགས་ཤིང་། སྤྱི་ལོ1907ལོའི་ཟླ་བཞི་པ་དང་ལྔ་པའི་ནང་ལྷ་སར་བོད་ཀྱི་ཕལ་སྐད་གསར་འགྱུར་པར་སྐྲུན་བྱས། ཚགས་པར་དེ་པར་དུ་འདེབས་མཁན་ངོ་མ་ནི་མན་ཇུ་རིགས་ཀྱི་བོད་སྡོད་ཨམ་བན་ལེན་ཡུས་ཡིན་ཡང་། ཐོག་མར་སྤེལ་དུས་བོད་སྡོད་ཨམ་བན་ཀྲང་ཡན་ཐང་གི་རྡོ་པར་འཕྲུལ་ཆས་ལ་བརྟེན་ནས་པར་དུ་བཏབ་པ་རེད། ཚགས་པར་དེ་ནི་ཐོག་མར་བོད་རྒྱ་ཤན་སྦྱར་གྱིས་དཔར་བ་ཡིན་ལ། གྲངས་ཉུང་མི་རིགས་ས་ཁུལ་དུ་སྐད་རིགས་གཉིས་ཀྱི་ལམ་ནས་བསྒྲུབས་པའི་པར་གཞི་ཐོག་མའི་གྲས་སུ་གཏོགས། བོད་རྒྱ་སྐད་གཉིས་ཀྱིས་བསྒྲུབས་པའི་གསར་འགྱུར་དྲིལ་བསྒྲགས་ཀྱི་ནུས་པ་ཆེ་རུ་སོང་བ་དང་ཀློག་པ་པོའི་སྐད་རིགས་ཀྱི་བཀག་རྒྱ་གཏོར་ཅིང་། གཙོ་བོར་རྒྱལ་ཁབ་ཀྱི་བདག་དབང་བོད་ལྗོངས་སུ་ཁྱབ་བསྒྲགས་བྱེད་པ་དང་། བོད་ལྗོངས་ཀྱི་གོམས་སྲོལ་རྙིང་པ་བསྒྱུར་ཞིང་རྒྱལ་ཁབ་དང་རྒྱལ་སྤྱིའི་གནས་ཚུལ་དྲིལ་སྒྲོག་བྱེད་པ། བོད་ལྗོངས་ཀྱི་མཐོང་རྒྱ་བསྐྱེད་དེ་དེང་རབས་ཤེས་རིག་གི་སྒོ་འབྱེད་སློབ་གསོ་ལག་ཏུ་བསྟར་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་ཡིན་ལ། རྒྱལ་ཁབ་ལ་གཅེས་ཤིང་དྲག་རྩལ་ལ་དགའ་བ། རྨོངས་སེལ་བློ་འབྱེད་ཀྱི་འདུ་ཤེས་གསར་པ་སྤེལ་བ། ཆིང་གོང་མའི་བཀའ་ལུང་དང་གསེར་སྙན། གཞུང་ཡིག་དྲིལ་བསྒྲགས་སོགས་བཀོད་ཡོད།
གསུམ། བོད་ཡིག་ཕལ་སྐད་གསར་འགྱུར་ཞེས་པའི་བོད་ཡིག་ཚགས་པར་བྱུང་ཚུལ།
སྤྱི་ལོ1912ལོའི་ཟླ4པར་ཀྲུང་ཧྭ་མིན་གོས་མཐའ་མཚམས་གྲངས་ཉུང་མི་རིགས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ལི་ཧྥན་ཡོན(理幡院)མེད་པར་བཟོས་ཤིང་། སོག་བོད་ལས་དོན་ཅུས་བཙུགས་ནས་བོད་སོག་ས་གནས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལས་དོན་ལ་དོ་དམ་བྱས། སྤྱི་ལོ1913ལོར་བོད་ཡིག་ཕལ་སྐད་གསར་འགྱུར་སོགས་ཚགས་པར་དང་དུས་དེབ་མང་པོ་གསར་དུ་སྤེལ་བ་དང་། ཀྲུང་ཧྭ་མིན་གོ་བཙུགས་རྗེས་ཀྲུང་ཧྭ་མིན་གོའི་གནས་སྐབས་སྡོམ་ཁྲིམས་ལག་ལེན་དུ་བསྟར་ཆེད། ཀྲུང་ཧྭ་མིན་གོ་སྲིད་གཞུང་གིས་བོད་ལྗོངས་དང་འབྲེལ་བ་སླར་གསོ་བྱས་ཏེ་ཐབས་ཇུས་མང་པོ་ཞིག་འཐེན་མོད། བོད་ལྗོངས་སྐྱ་སེར་གྱིས་ཚུགས་མ་ཐག་པའི་ཀྲུང་ཧྭ་མིན་གོ་ཁས་ལེན་གྱིན་མེད་པས། གནད་དོན་དེ་ཉིད་བསྐྱུངས་པ་དང་ས་གནས་དང་ཀྲུང་དབྱང་གི་འགལ་ཟླ་སེལ་ཆེད། ཀྲུང་དབྱང་གིས་སོག་བོད་ལས་དོན་ཨུ་ཡོན་ལྷན་ཁང་ལ་བོད་ཡིག་ཕལ་སྐད་གསར་འགྱུར་གསར་འདོན་བྱ་རྒྱུའི་བཀའ་ཕབ་ཅིང་། ཟླ་ངོ་བཞིའི་རིང་གི་གྲ་སྒྲིག་བྱས་པ་བརྒྱུད་ནས། སྤྱི་ལོ1913ལོའི་ལོ་གསར་ལ་དངོས་སུ་པར་སྐྲུན་བྱས། བོད་ཡིག་ཕལ་སྐད་གསར་འགྱུར་གྱིས་མི་རིགས་མཉམ་གནས་སྒྲོག་སྤེལ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་འདྲ་མཉམ་དར་སྤེལ། ཀྲུང་ཧྭ་འཛུགས་སྐྲུན་བཅས་བྱ་རྒྱུ་དེ་དམིགས་ཡུལ་དུ་བཟུང་ཡོད། དེའི་ནང་སོག་རིགས་དང་། ཧུའེ་རིགས། བོད་རིགས་བཅས་ནི་ཀྲུང་ཧྭ་མིན་གོ་རྒྱལ་ཁབ་ལས་ལོགས་སུ་བཀར་མི་རུང་བ་དང་། ཀྲུང་ཧྭ་མིན་གོའང་སོག་རིགས་དང་། ཧུའེ་རིགས། བོད་རིགས་བཅས་དང་ཁ་འབྲལ་མི་ཆོག་པར་བཀོད་ཡོད། དེང་རབས་བརྒྱུད་བསྒྲགས་རིག་པའི་ངོས་ནས་བལྟས་ན། བོད་ཡིག་ཕལ་སྐད་གསར་འགྱུར་གྱི་ཆབ་སྲིད་རང་བཞིན་དེ་གསར་འགྱུར་རང་བཞིན་ལས་ཤུགས་དྲག་པར་སྙམ།
བཞི། ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཞེས་པའི་བོད་ཡིག་ཚགས་པར་བྱུང་ཚུལ།
གོང་དུ་བརྗོད་ཟིན་པའི་ཚགས་པར་རེ་གཉིས་བྱུང་བས། ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་བྱུང་བར་ཤུགས་རྐྱེན་དང་རྨང་གཞི་བརྟན་པོ་བཏིང་། སྤྱི་ལོ1925ལོའི་ཟླ10པར་ཧི་མ་ལ་ཡའི་རི་རྒྱུད། བལ་བོད་འབྲས་གསུམ་གྱི་མཐའ་མཚམས་སུ་གནས་པའི་གྲོང་ཁྱེར་ཀ་ལོན་སྦུག་ཏུ། བོད་པ་ཁུ་ནུ་བ་རྡོ་རྗེ་མཐར་ཕྱིན་ལགས་ཀྱིས་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཞེས་པའི་བོད་ཡིག་ཚགས་པར་འགྲེམ་སྤེལ་བྱས་ཤིང་། དེ་ལ་ལག་བྲིས་དང་ལྕགས་པར་གྱི་ཡིག་གཟུགས་རིགས་གཉིས་ཡོད་པ་དང་། ལག་བྲིས་ལ་ཡང་དབུ་ཅན་དང་དབུ་མེད་རིགས་གཉིས་ཡོད། ཕྱིས་སུ་ལག་བྲིས་ནས་ལྕགས་པར་དུ་བར་བརྒལ་བྱས་ཤིང་ལྕགས་པར་དུ་ཐོད་རྒལ་བྱུང་རྗེས་ཡིག་གཟུགས་ལེགས་ཤིང་མྱུར་ཚད་མགྱོགས་ལ། སྐུང་འབྲི་དང་བསྡུས་འབྲི་མེད་པ། གྲ་དག་པ་སོགས་ཀྱིས་ཀློག་པ་པོར་སྟབས་བདེ་བསྐྲུན་ཡོད་པ་དང་། མདུན་ངོས་ཀྱི་མཐའ་རྒྱན་དུ་བོད་རང་གི་ཁྱད་ཆོས་ལྡན་པའི་གཡུང་དྲུང་གི་རི་མོ་དང་ནོར་བུ་མེ་འབར། རྡོ་རྗེ་རྒྱ་གྲམ། བཀྲ་ཤིས་རྟགས་བརྒྱད། པ་ཏྲ་བཅས་ཀྱི་རི་མོས་བརྒྱན་ཡོད། མདུན་ངོས་སུ་ཚགས་པར་གྱི་ཁ་བྱང་འཕྲེད་དུ་བྲིས་ཡོད་ལ་ཁ་བྱང་གི་གཡས་གཡོན་དུ་ལོ་ཟླ་ཚེས་གྲངས་སོགས་བཀོད་འདུག་པས། བལྟས་མ་ཐག་ནས་པར་ངོས་གཙང་ཞིང་གསལ། རྒྱབ་ངོས་སུ་གཞན་དང་མི་འདྲ་བར་གཏམ་རྒྱུད་དང་གཏམ་དཔེ། དབུ་འཁོར་རྩེད་འཇོ་སོགས་བཀོད་ཡོད་ཅིང་། དེ་ཡི་གཟབ་ནན་རང་བཞིན་ཅན་གྱི་གསར་འགྱུར་དང་བརྩམས་ཆོས་ཀྱིས་ཀློག་པ་པོའི་དང་བ་དྲངས། དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུ་པའི་ནང་དུ་བོད་ཁུལ་གྱི་ཚོང་ཟོང་མང་ཆེ་བ་ནི་རྒྱ་གར་གྱི་ཡིན་ལ། རྒྱ་གར་དུའང་བོད་ཀྱི་ལུག་བལ་དང་། པགས་པ། གླ་རྩི་སོགས་རྒྱུག་ཆེ་བས། ཚོང་ཟོང་འཁོར་རྒྱུག་དང་ཁྲོམ་རའི་གནས་ཚུལ་ཤེས་རྟོགས་བྱེད་པ་ནི་གསར་འགྱུར་གྱི་ཁུངས་སྣེ་གསར་པ་ཞིག་ཏུ་གྱུར་ཡོད་པས། ཚགས་པར་དེས་མི་རྣམས་ལ་ཚོང་འཕྲིན་བརྡ་ཁྱབ་སྤེལ་བར་མ་ཟད་དཔལ་འབྱོར་གོང་སྤེལ་ཐད་ནུས་པ་གལ་ཆེན་ཐོན་ཡོད་ཅིང་། གཞན་ཡང་གསར་འགྱུར་གྱི་ཞོར་དུ་ལེགས་བཤད་དང་། སྙན་རྩོམ། རྣམ་ཐར། དབུ་འཁོར། ས་ཁྲ་སོགས་ཀྱང་བཀོད་ཡོད་པས། བོད་ཀྱི་རིག་གནས་ཤེས་བྱའི་གན་མཛོད་ཅིག་ཏུ་ཡང་གྱུར་ཡོད་དོ།།
དཀར་མཛེས་ཉིན་རེའི་གསར་འགྱུར་གྱི་བོད་ཡིག་ཚགས་པར་ངོ་སྤྲོད་བསྡུས་པ།
སྤྱི་ལོ1954ལོའི་སྤྱི་ཟླ8པའི་ཚེས23ཉིན།《དཀར་མཛེས་ཉིན་རེའི་ཚགས་པར》གྱི་ཆེས་ཐོག་མའི་ཚགས་པར《དར་མདོའི་ཚགས་པར》ཞེས་པ་ཐོག་མར་གསར་དུ་ཐོན་པ་རེད།《དར་མདོའི་ཚགས་པར》ནི་ཞི་ཁམས་ཞིང་ཆེན་དར་མདོ་བོད་རིགས་རང་སྐྱོང་ལྗོངས་ཨུའི་ལས་ཁུངས་ཚགས་པར་ཞིག་ཡིན་པ་རེད། 1955ལོའི་སྤྱི་ཟླ7པའི་ཚེས30ཉིན་ཞི་ཁམས་ཞིང་ཆེན་སི་ཁྲོན་ཞིང་ཆེན་དང་ཟླ་སྒྲིལ་བཏང་བ་དང་། དར་མདོ་བོད་རིགས་རང་སྐྱོང་ལྗོངས་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཞེས་པའི་མིང་དུ་བསྒྱུར་བ་རེད།
956ལོའི་སྤྱི་ཟླ10པའི་ཚེས16ཉིན།《དར་མདོའི་ཚགས་པར》དེ《དཀར་མཛེས་ཚགས་པར》ཞེས་པའི་མིང་དུ་བསྒྱུར་བ་རེད།
དུས་ཐོག་མར་རྩོམ་སྒྲིག་མི་སྣ་ཉུང་བ་དང་ཆ་རྐྱེན་སོགས་ཀྱི་སྟོབས་ཤུགས་ཞན་སྟབས།ཚགས་པར་པར་སྐྲུན་ཚད་ལྡན་བྱུང་ཐུབ་མེད་ལ།དུས་ངེས་གཏན་དང་གྲངས་ཀ་ངེས་གཏན་ཡང་མེད་པ་རེད། 1956ལོའི་སྤྱི་ཟླ་དང་པོ་ནས་དངོས་སུ་ཉིན་ལྔ་རེར་ཚགས་པར་རེའི་གཏན་འཁེལ་བྱས་པ་དང་། ཚགས་པར་གྱི་པར་ངོས་རེ་རེར་བོད་རྒྱ་ཤན་སྦྱར་ལྟར་པར་གཞི་བསྒྲིགས་པ་དང་།རྗེས་སུ་བོད་རྒྱ་ཡིག་རིགས་གཉིས་སོ་སོར་དབྱེ་སྟེ་པར་ངོས་དང་པོ་དང་གཉིས་པ།གསུམ་པ་བོད་ཡིག་དང་། པར་ངོས་བཞི་པ་རྒྱ་ཡིག་བྱས་ནས་བསྒྲིགས་པ་རེད།
སྤྱི་ལོ2004ལོའི་སྤྱི་ཟླ་དང་པོ་ནས་བཟུང《དཀར་མཛེས་ཚགས་པར》གྱི་རྒྱ་ཡིག་པར་གཞི་དངོས་སུ《དཀར་མཛེས་ཉིན་རེའི་ཚགས་པར》ལ་བསྒྱུར་བ་དང་། བོད་ཡིག་པར་གཞི་དེ་པར་ངོས་བཞི་ཅན་གྱི་པར་གཞི་ཆེན་པོའི་ཚགས་པར་སྟེ་གཟའ་འཁོར་རེ་ལ་ཚགས་པར་བཞི་རེར་བསྒྱུར་བ་རེད།དེའི་རྗེས་མི་རིང་བར་བོད་ཡིག་ཚགས་པར་ཚོན་ཁྲ་ཅན་དུ་བསྒྱུར་ནས་ཞིང་ལྗོངས་ལྔའི་བོད་འབྲེལ་ས་ཁུལ་གྱི《བོད་ལྗོངས་ཉིན་རེའི་ཚགས་པར》དང《མཚོ་སྔོན་ཉིན་རེའི་ཚགས་པར》ཕུད་བོད་ཡིག་ཚགས་པར་ཆེ་ཤོས་ཀྱི་རིམ་གྲས་གསུམ་པར་ཐོན་པ་རེད།
དེ་ལྟར་དཀར་མཛེས་བོད་ཡིག་ཚགས་པར་རམ་ཁམས་པའི་ཚགས་པར་ནི་ཚགས་པར་ཆུང་ཆུང་ནས་ཆེན་པོ་དང་། ཆེན་པོ་ནས་ཚོན་ཁྲའི་ཚགས་པར་བཅས་མཆོང་སྐྱོད་ཆེན་པོ་གསུམ་མངོན་འགྱུར་བྱུང་ཡོད་པ་རེད། ད་ལྟར། ཁམས་པའི་ཚགས་པར་ཞེས་རྒྱུན་ལྡན་ཅན་གྱི་བོད་ཡིག་ཚགས་པར་དེ་དང་། རྩོམ་རིག་སྒྱུ་རྩལ་གྱི་ཚགས་པར༼ཁམས་པའི་འཛུམ་མདངས༽ཞེས་པའི་ཟླ་མཇུག་ཚགས་པར་དེ་གཟའ་མཇུག་ཚགས་པར་ལ་བཅོས་ནས་ད་ལྟར་སྤྱི་ཡི་འདོན་ཐེངས368སླེབས་ཡོད། ཞི་མཐུན་པད་མའི་མེ་ཏོག་ཅེས་པའི་དགོན་སྡེ་ལ་ཁ་གཏད་པའི་ཚགས་པར་ཞིག་བཅས་བོད་ཡིག་ཚགས་པར་རིགས་ཆེན་པོ་གསུམ་ཡོད།
བོད་ཡིག་ཚགས་པར་གྱི་པར་ངོས་སོ་སོའི་བཀོད་སྒྲིག་འདི་ལྟར་ཏེ། པར་ངོས་དང་པོ་ནི་རང་ཁུལ་གྱི་ཚོགས་འདུ་གལ་ཆེན་དང་ལས་གཞི་གལ་ཆེན། གཙོ་གནད་འཛུགས་སྐྲུན། ཁམས་པའི་གཏམ་ཐུང་སོགས་ཀྱི་གསར་འགྱུར་གལ་ཆེན་སྤེལ་སའི་པར་ངོས་ཞིག་ཡིན། པར་གཞི་གཉིས་པ་ནི་གཙོ་བོ་རྒྱ་ཆེ་བའི་ཞིང་འབྲོག་ས་ཁུལ་ལ་ཁ་ཕྱོགས་ནས་ཞིང་འབྲོག་པའི་གྲོང་ཚོ་དང་འཚོ་བ་གསར་པ་དང་། ཕྱུག་འགྱུར་གྱི་ལམ་བུ། འགྲིམ་འགྲུལ་སྐྱེལ་འདྲེན། ཁྲོམ་རའི་ཆ་འཕྲིན། ཁམས་པའི་ཐོན་ཁུངས། འབྱུང་འཕྲོད་གླིང་ག། ཡུལ་སྐོར་ཕྱོགས་སྟོན།དཔལ་འབྱོར་ཤེས་བྱ།ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་སོགས་ཀྱི་ལེ་ཚན་ཞིག་ཡིན། པར་གཞི་གསུམ་པ་ནི་རྩོམ་རིག་སྒྱུ་རྩལ་གྱི་པར་ངོས་ཞིག་ཡིན། དེ་ལས་ལེ་ཚན་ཆེ་བ་གཉིས་ཡོད་དེ། 《ཉི་གཞོན》ཞེས་པ་རྩོམ་རིག་རྐྱང་པ་སྟེ་བརྩམས་སྒྲུང་དང་ལྷུག་རྩོམ། སྙན་ངག་དང་རིག་རྩལ་དཔྱད་རྩོམ་སོགས་འདུས་ཡོད།《འཇའ་ཚོན་སྣ་ལྔ》ཞེས་པ་དམངས་ཁྲོད་རིག་གནས་ཕྱོགས་བསྡུས་ཀྱི་ལེ་ཚན་ཞིག་ཡིན། དེ་བཞིན་ད་དུང་ཁམས་པའི་གྲགས་ཅན་མི་སྣ་དང་ཡིག་གཟུགས་བདམས་བཀོད། པར་རིས་བདམས་བཀོད་སོགས་ཀྱང་འདུས་པའི་ལེ་ཚན་ཞིག་ཡིན། པར་ངོས་བཞི་པ་ནི་སྐབས་དོན་ཆབ་སྲིད་དང་། རྒྱལ་སྤྱིའི་གསར་འགྱུར། རིག་གནས། རོལ་རྩེད། ལུས་རྩལ་སོགས་ཀྱི་ནང་དོན་འདུས་པ་སྟེ། གཙོ་བོ་རྒྱལ་ནང་གི་གལ་ཆེའི་གསར་འགྱུར་དང་། ངོ་མཚར་ཅན་གྱི་འཛམ་གླིང་། རྒྱལ་སྤྱིའི་གནས་ཚུལ། ཤར་ལྷོ་ནུབ་བྱང་ལ་སོགས་ཀྱི་གནས་ཚུལ་སྤེལ་བའི་ལེ་ཚན་ཞིག་ཡིན།
བོད་ཀྱི་དེང་རབས་འཕྲིན་སྦྱོར་གྱི་བྱུང་འཕེལ་སྐོར།
དེང་རབས་འཕྲིན་སྦྱོར་རམ་འཕྲིན་སྦྱོར་གསར་པ་ཞེས་པ་དེ་ག་འདྲ་ཞིག་ཡིན།
འཕྲིན་སྦྱོར་གསར་པ་ནི་ཨང་ཀིའི་ལག་རྩལ་སྤྱད་དེ་རྩིས་འཁོར་དྲ་རྒྱ་དང་། སྐུད་མེད་འཕྲིན་གཏོང་དྲ་བ། སྲུང་སྐར་སོགས་ཀྱི་ཐབས་ལམ་དང་། དེ་བཞིན་གློག་ཀླད་དང་། ལག་ཁྱེར་ཁ་པར། ཨང་ཀིའི་བརྙན་འཕྲིན་སོགས་ཀྱི་མཐུད་སྣེ་བརྒྱུད་དེ། སྤྱོད་མཁན་ལ་ཆ་འཕྲིན་དང་ཞབས་ཞུ་མཁོ་འདོན་བྱེད་པའི་ཁྱབ་སྤེལ་གྱི་རྣམ་པ་ཞིག་ཡིན།
ཚགས་པར་དང་དུས་དེབ། རྒྱང་བསྒྲགས། བརྙན་འཕྲིན་སོགས་སྲོལ་རྒྱུན་འཕྲིན་སྦྱོར་གྱི་རྗེས་སུ་འཕེལ་རྒྱས་བྱུང་བའི་འཕྲིན་སྦྱོར་གྱི་རྣམ་པ་གསར་པ་ཞིག་ཡིན་ཞིང་། དྲ་བའི་འཕྲིན་སྦྱོར་དང་། ལག་ཁྱེར་ཁ་པར་གྱི་འཕྲིན་སྦྱོར། ཨང་ཀིའི་བརྙན་འཕྲིན་སོགས་འཕྲིན་སྦྱོར་གསར་པའི་ཁོངས་སུ་གཏོགས།
དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས། འཕྲིན་སྦྱོར་གསར་པ་དར་ཞིང་། དེ་རྒྱ་ཁྱབ་ཏུ་བཀོལ་བ་ནི་དུས་རབས་འཕེལ་རྒྱས་ཀྱི་ལྡོག་མེད་མཇུག་འབྲས་ཡིན་ལ། དེང་རབས་ཆ་འཕྲིན་ལག་རྩལ་གྱི་འཕྲིན་སྦྱོར་གསར་པ་ལ་བརྟེན་ནས་རིམ་བཞིན་སྣེ་མང་ཅན་གྱི་ཆ་འཕྲིན་ཁོར་ཡུག་གྲུབ་ཡོད། སྲོལ་རྒྱུན་འཕྲིན་སྦྱོར་གྱི་ཚགས་པར་སོགས་གསར་འགྱུར་རྩོམ་སྒྲིག་ལས་དོན་ལ་མཚོན་ན། འཕྲིན་སྦྱོར་གསར་པའི་ཁོར་ཡུག་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་པ་དང་ཕན་པ་ཡོད་ལ་གནོད་པའང་ཡོད། དེས་ན་གསར་འགྱུར་ལས་རིགས་གཉེར་མཁན་གྱིས་རང་ངོས་ཀྱི་བྱང་ཚད་ནུས་པ་ཆེ་རུ་བཏང་ནས་འཕྲིན་སྦྱོར་གསར་པའི་དུས་རབས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དེ་བས་འཚམ་པར་བྱས་ཏེ་བོད་ཀྱི་འཕྲིན་སྦྱོར་གསར་པའི་ཁོར་ཡུག་ཇེ་ཡག་དང་མདུན་ལམ་ཇེ་ཆེར་གཏང་དགོས།
སྲོལ་རྒྱུན་འཕྲིན་སྦྱོར་དང་དེང་རབས་འཕྲིན་སྦྱོར་གཉིས་ཀྱི་ཁྱད་པར།
འཕྲིན་སྦྱོར་གསར་པའམ་དེང་རབས་འཕྲིན་སྦྱོར་དང་སྲོལ་རྒྱུན་འཕྲིན་སྦྱོར་གཉིས་ཁྲོམ་རའི་རིགས་དང་། ལྟ་མཁན་གྱི་རིགས། རྩོམ་འབྲིའི་ནང་དོན། པར་གཞི་སྒྲིག་ལུགས་སོགས་ཀྱི་ཐད་ནས་ཁྱད་པར་ཡོད་པ་རེད། སྲོལ་རྒྱུན་འཕྲིན་སྦྱོར་ནི་མིག་སྔར་རྒྱལ་ཁབ་ཀྱི་སྒེར་སྡེམ༼垄断༽རང་བཞིན་ལྡན་པ་ཞིག་ཡིན་ལ། འཕྲིན་སྦྱོར་གསར་པ་ནི་རང་མོས་འགྲན་རྩོད་ཀྱི་ཁྲོམ་རའི་ཁོངས་སུ་གཏོགས་པ་ཞིག་ཡིན། འཕྲིན་སྦྱོར་གསར་པའི་འཕྲིན་སྦྱོར་གལ་ཆེན་གྱི་འབྲེལ་དྲ་ནི་སྒེར་སྡེམ་སྲུང་སྐྱོང་བྱས་མེད་པ་དང་། འབྲེལ་དྲ་ཐོན་པ་ཉིད་ནས་བཟུང་ཛ་དྲག་ཆེ་བའི་ཁྲོམ་རའི་འགྲན་རྩོད་ཁྲོད་གནས་ཡོད།
སྲོལ་རྒྱུན་འཕྲིན་སྦྱོར་ནི“ལྟ་མཁན་ལ་གཙོ་ཁྲིད་བྱེད་པ”ཞིག་ཡིན་པ་དང་། དྲ་བའི་འཕྲིན་སྦྱོར་གསར་པ་ནི“ལྟ་མཁན་གྱིས་གཙོ་ཁྲིད་བྱེད་པའི”རྣམ་པ་ཞིག་རེད། དྲ་བའི་འཕྲིན་སྦྱོར་གསར་པའི་ནང་དུ་ལྟ་མཁན་ལ་དེ་བས་ཆེ་བའི་གདམ་གསེས་དབང་ཆ་ཡོད། དྲ་བའི་འཕྲིན་སྦྱོར་གསར་པའི་གསར་འགྱུར་གྱིས་དོ་ཁུར་བྱེད་པ་ནི་འཕྲིན་སྤེལ་གྱི་མྱུར་ཚད་མགྱོགས་པ་དང་ཚིག་ཉུང་དོན་བསྡུས་ཡིན་པ། ཁ་བྱང་གི་སྒྲིག་བཟོ་ཐད་ནས་ཁ་སྐད་ཀྱི་འགྲོ་ལུགས་ལྟར་དུ་གོ་བདེར་འབྲི་བ། ནང་དོན་གང་ཞིག་ཐད་ཀར་རྗེན་པར་བཏོན་ནུས་པ། མངོན་གསལ་དོད་པོའི་སྒོས་གཙོ་གནད་འབུར་དུ་བཏོན་པ་བཅས་ཡིན། སྲོལ་རྒྱུན་འཕྲིན་སྦྱོར་གྱིས་དེ་ལྟར་མིན་པར་གཙོ་བོ་པར་ངོས་དང་ནང་དོན་སོགས་ཀྱི་སྤུས་ཚད་ཐད་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།
སྲོལ་རྒྱུན་འཕྲིན་སྦྱོར་ནི་འཕྲུལ་ཆས་ཀྱི་སྒྲིག་ཆས་གང་ཞིག་ལ་བརྟེན་ནས་དུས་བཀག་ལྟར་སྤྱི་ཚོགས་ཀྱི་སྤྱི་དམངས་ཡོངས་ལ་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ནམ། ཡང་ན་སློབ་གསོ་དང་རོལ་རྩེད་སོགས་ཀྱི་ལས་སྟེགས་མཁོ་འདོན་བྱས་པའི་འཕྲིན་སྦྱོར་ཞིག་ཡིན། དེ་ལ་གཙོ་བོ་ཚགས་པར་དང་དུས་དེབ། བརྙན་འཕྲིན། འཕྲིན་གཏོང་། རྒྱང་བསྒྲགས་བཅས་ལ་སྲོལ་རྒྱུན་གྱི་བརྗོད་དོན་ཐོག་གི་འཕྲིན་སྦྱོར་ཞེས་ཟེར། འཕྲིན་སྦྱོར་གསར་པ་ནི་འཕྲིན་སྦྱོར་རྣམ་པའི་རིགས་ཤིག་ལས་གཙོ་བོ་རྩིས་འཁོར་དང་སྲུང་སྐར་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ལག་ཁྱེར་ཁ་པར་དང་གློག་ཀླད་སོགས་ཀྱི་མཐུད་སྣེ་བརྒྱུད་དེ་སྤྱོད་མཁན་དེ་ཚོ་ལ་ཆ་འཕྲིན་དང་ཞབས་ཞུ་མཁོ་འདོན་བྱེད་པའི་ཆ་འཕྲིན་ཁྱབ་སྤེལ་གྱི་རྣམ་པ་ཞིག་རེད།
སྲོལ་རྒྱུན་འཕྲིན་སྦྱོར་གྱི་ཚགས་པར་ལ་པར་ངོས་ཀྱི་སྒྲིག་སྟངས་ལ་ཁྱས་ཆོས་ཡོད་དེ། ཚགས་པར་གྱི་པར་ངོས་ཀྱི་ལྕི་ཡང་དང་གཙོ་ཕལ། ཁ་བྱང་སྒྲིག་ལུགས་ཀྱི་ཐག་གཅོད། པར་ངོས་ས་ཁོངས་ཀྱི་བཀོད་སྒྲིག་སོགས་ལ་ཚད་ལྡན་གྱི་འགྲོ་ལུགས་སྒྲུབ་དགོས། དྲ་བའི་འཕྲིན་སྦྱོར་གསར་པ་ནི་དུས་ཚོད་ལྟར་ཆ་འཕྲིན་རིགས་བགོས་ཀྱིས་ཁྱབ་སྤེལ་བྱས་པ་ཞིག་ཡིན། ཚགས་པར་སོགས་དང་འདྲ་བར་འཐུས་ཚང་དགོས་ངེས་ཀྱི་པར་ངོས་འགྲོ་ལུགས་ལྟར་ཚད་ལྡན་ཞིག་ཏུ་ད་དུང་གྲུབ་མེད།
འཕྲིན་སྦྱོར་གསར་པའི་སྟབས་བདེའི་རང་བཞིན་དང་བསྡུར་ཚེ་མི་རྣམས་ཀྱིས་ཚགས་པར་གསར་འགྱུར་བརྒྱུད་ཆ་འཕྲིན་དང་ལེན་བྱེད་པའི་དུས་ཚོད་ལྟོས་བཅས་ཀྱིས་རྗེས་ལུས་ཐེབས་ཀྱི་ཡོད། འཕྲིན་སྦྱོར་གསར་པའི་འཕེལ་རྒྱས་དང་བསྟུན་ནས་ན་གཞོན་ཚོས་སྲོལ་རྒྱུན་འཕྲིན་སྦྱོར་ལ་དོ་ཁུར་བྱེད་ཚད་ཉིན་བཞིན་ཆུང་དུ་འགྲོ་བ་དང་ཚགས་པར་གསར་འགྱུར་གྱི་ཀློག་པ་པོར་རྒན་རྒོན་ཅན་གྱི་ཁྱད་ཆོས་མངོན་གྱི་ཡོད། དེར་བརྟེན་ཚགས་པར་གྱི་གསར་འགྱུར་དེ་འཕྲིན་སྦྱོར་གསར་པའི་ཁོར་ཡུག་འོག་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཚགས་པར་འཕྲིན་སྦྱོར་གྱི་གནས་ཐིག་གཏན་ཁེལ་གསར་གཏོད་དང་། དེང་སྐབས་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་བསྟུན་ཞིང་། ཨང་གི་ཅན་གྱི་ལག་རྩལ་གང་ལེགས་སྤྱད་ནས་མཉམ་ལས་འདུ་ཤེས་ཀྱི་མཛུབ་ཁྲིད་འོག་ཚགས་པར་གྱི་འཕྲིན་སྤེལ་ཇུས་འགོད་གསར་གཏོད་བཅས་བྱས་ནས་ཚགས་པར་གྱི་གསར་འགྱུར་བདེ་བླག་ངང་ཕྱོགས་སྒྱུར་ཐུབ་པ་བྱེད་དགོས་ཀྱི་ཡོད།
དེང་རབས་འཕྲིན་སྦྱོར་གསར་པས་སྲོལ་རྒྱུན་འཕྲིན་སྦྱོར་ཏེ་ཚགས་པར་འཕྲིན་སྦྱོར་ལ་ཐེབས་པའི་ཤུགས་རྐྱེན།
འཕྲིན་སྦྱོར་གསར་པ་བྱུང་རྗེས་གྲུབ་འབྲས་ཐོབ་པའི་སྒོ་ནས་ཚགས་པར་འཕྲིན་སྦྱོར་གྱི་ཀློག་པ་པོའི་ཚོགས་སྤྱི་འབོར་ཆེན་འགྱུར་ལྡོག་བཏང་ཡོད། ཚགས་པར་གྱི་གསར་འགྱུར་ངོས་ནས་བརྗོད་ན། ཀློག་པ་པོ་ནི་དེའི་འཚོ་གནས་དང་འཕེལ་རྒྱས་ཐག་གཅོད་བྱེད་པའི་འགག་རྩའི་རྒྱུ་རྐྱེན་གྱི་གྲས་ཤིག་རེད། ཚགས་པར་མང་པོ་ཞིག་འཕྲིན་སྦྱོར་གསར་པའི་ཁོར་ཡུག་ཁྲོད་འགྱེལ་གྲབས་ཡོད་པས་སྔར་བས་འཕེལ་རྒྱས་འགྲོ་ཁག་པོ་ཡོད། འགྲེམ་བརྡ་ཚོང་པ་དེ་བས་མང་པོས་ཀྱང་འཕྲིན་སྦྱོར་གསར་པའི་ཁྲོད་འགྲེམ་བརྡ་གཏོང་རྒྱུ་གདམ་ག་བྱེད་ཀྱི་ཡོད། དེ་ནི་འཕྲིན་སྦྱོར་གསར་པར་ཀློག་པ་པོ་མང་པོ་ཡོད་པར་མ་ཟད། རྒྱང་རིང་དུ་བརྒྱུད་བསྒྲགས་བྱེད་པའི་ལེགས་ཆ་ལྡན་ཡོད་པས་རེད། འཕྲིན་སྦྱོར་གསར་པའི་འགྲེམ་བརྡ་བྱུང་བ་ནས་བཟུང་། ཚགས་པར་འཕྲིན་སྦྱོར་གྱི་འཚོ་གནས་དཀའ་ཁག་ཇེ་ཆེར་བཏང་། དེར་བརྟེན་ཚགས་པར་དང་འཕྲིན་སྦྱོར་གྱིས་ངེས་པར་དུ་སྒྱུར་བཅོས་ནང་ཧུར་ཐག་ཞུགས་ནས་རང་ངོས་ལ་ཡོད་པའི་ལེགས་ཆ་ངོས་འཛིན་དང་རྒྱ་བསྐྱེད་བཏང་སྟེ་རང་ངོས་ཀྱི་ཞན་ཆ་གསབ་ནས་འཕྲིན་སྦྱོར་གསར་པའི་ཁོར་ཡུག་ཁྲོད་དེ་བས་ལེགས་པའི་འཕེལ་རྒྱས་ཡོང་བར་བྱེད་དགོས།
འཕྲིན་སྦྱོར་གསར་པའི་ཁོར་ཡུག་འོག་ཚགས་པར་གྱི་གསར་འགྱུར་རྩོམ་སྒྲིག་ལས་དོན་ཡག་པོ་སྤེལ་རྒྱུའི་ཐབས་ཇུས།
ཨང་ཀི་ཅན་གྱི་ལག་རྩལ་ལ་བརྟེན་ནས་གསར་འགྱུར་ཁྱབ་སྤེལ་གྱི་མྱུར་ཚད་མགྱོགས་སུ་གཏང་དགོས། ཚགས་པར་རྩོམ་སྒྲིག་པས་ཨང་ཀི་ཅན་གྱི་ལག་རྩལ་བཀོལ་སྤྱོད་ཐད་གཙོ་བོ་གསར་འགྱུར་ནང་དོན་ཐད་དང་གསར་འགྱུར་བརྒྱུད་བསྒྲགས་སྟེགས་བུའི་ཐད་གཙོ་གནད་དུ་འཛིན་གྱི་ཡོད་པ་རེད། གསར་འགྱུར་གྱི་ནང་དོན་ཨང་ཀི་ཅན་དུ་འགྱུར་བར་བྱ་རྒྱུ་དེ་གཙོ་བོ་ཚགས་པར་གྱི་གསར་འགྱུར་ནང་དོན་རྩོམ་སྒྲིག་བྱེད་སྐབས་སྲོལ་རྒྱུན་ཚགས་པར་གྱི་གསར་འགྱུར་ནང་གཞི་རྒྱུ་ཚུད་པའི་རྨང་གཞིའི་ཐོག་དེ་མཚུངས་ཀྱི་འབྲེལ་མཐུད་དང་བརྙན་ལམ་འགྲེལ་བཤད་སོགས་ཁ་སྣོན་བརྒྱབ་ནས་གསར་འགྱུར་གྱི་ནང་དོན་རྒྱ་ཆེར་གཏང་དགོས། གསར་འགྱུར་ཁྱབ་སྤེལ་བྱེད་ཐབས་ཨང་ཀི་ཅན་དུ་བསྒྱུར་ན། ཁྱབ་སྤེལ་ཕན་འབྲས་ལེགས་སྒྱུར་བྱེད་པར་ཕན་པ་ཡོད། དང་པོ། གཞུང་ཕྱོགས་ཚགས་པར་གྱི་དྲྭ་ཚུགས་བཙུགས་ནས་ཤོག་བུའི་ཚགས་པར་དང་གཞུང་ཕྱོགས་ཚགས་པར་གྱི་དྲྭ་ཚུགས་ཟུང་འབྲེལ་བྱས་རྗེས། ཤོག་རིགས་ཚགས་པར་གྱི་ནང་དོན་དེ་གཞུང་ཕྱོགས་དྲྭ་ཚུགས་ཐོག་རྦད་དེ་འདྲ་བཟོ་བྱེད་ཆོག་པ་དང་། གློག་རྡུལ་པར་གཞིའི་ཚགས་པར་གྱི་རྣམ་པའི་ཐོག་ནས་སྤྱི་ཚོགས་སྤྱི་དམངས་ལ་རིན་མེད་ངང་ལྟ་ཀློག་བྱེད་དུ་འཇུག་ཆོག། གཞུང་ཕྱོགས་ཚགས་པར་གྱི་དྲྭ་ཚུགས་ཐོག་སྣ་མང་ཅན་གྱི་ཆེད་བསྒྲིགས་ལེ་ཚན་བཟོས་ནས་གསར་འགྱུར་གྱི་སྤྲོ་སྣང་རང་བཞིན་ཆེ་རུ་གཏོང་ཆོག་གི་ཡོད་པ་རེད། གཉིས། གཞན་ཡང་ཚགས་པར་གྱི་གཞུང་ཕྱོགས་འཕྲིན་སྟེགས་དང་གཞུང་ཕྱོགས་པོད་ཕྲན་སྤྱི་སྟེགས་བསྐྲུན་ཡོད། ཉེ་བའི་ལོ་ཤས་རིང་འཕྲིན་སྟེགས་དང་པོད་ཕྲན་སྤྱི་སྟེགས་དེ་འཕྲིན་སྦྱོར་གསར་པའི་འཐུས་མི་གལ་ཆེན་ཞིག་ཡིན་པའི་ངོས་ནས་དམངས་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། འཕྲིན་ཕྲན་དང་པོད་ཕྲན་ལ་བརྟེན་ནས་ཚགས་པར་གྱི་གསར་འགྱུར་བརྒྱུད་བསྒྲགས་བྱས་པས་གནས་ཚུལ་གསར་པ་བརྒྱུད་སྤེལ་གྱི་དུས་ཐོག་རང་བཞིན་ཆེ་རུ་ཕྱིན་པར་མ་ཟད། ད་དུང་དཔྱད་གཏམ་དང་བརྒྱུད་འགྲེམ་སོགས་ཀྱི་ནུས་པ་བརྒྱུད་དྲྭ་གྲོགས་དང་བསམ་བློ་བརྗེ་རེས་ཀྱིས་ཞབས་མཆན་བཀོད་ཆོག་པ་རེད། གསུམ། ཚད་གཉིས་ཨང་རྟགས་ཀྱི་ལག་འཕྲིན་དཔེ་ཀློག་སྟེགས་བུར་བརྟེན་ནས་གསར་འགྱུར་བརྒྱུད་བསྒྲགས་བྱས་ཏེ། རིན་ཐང་འདུས་ཚད་མཐོ་བའི་གསར་འགྱུར་དེ་ཚད་གཉིས་ཨང་རྟགས་བཟོ་བ་དང་འབྲེལ་ཚད་གཉིས་ཨང་རྟགས་དེ་ཤོག་བུའི་ཚགས་པར་ཐོག་བཟོ་དགོས། དེ་ལྟར་བྱས་ཚེ་ལག་འཕྲིན་གྱི་འཕྲིན་སྦྱོར་དང་ཚད་གཉིས་ཨང་རྟགས་ཀྱི་འཕྲིན་སྦྱོར་དབར་གྱི་ཟུང་འབྲེལ་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ། འདི་ལྟར་བྱས་ན་ཚགས་པར་གསར་འགྱུར་གྱི་མཐོང་རུང་ཅན་མངོན་འགྱུར་བྱེད་ཐུབ་ལ། ཚགས་པར་གསར་འགྱུར་གྱི་ཉན་རུང་ཅན་ཡང་མངོན་འགྱུར་བྱེད་ཐུབ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10