2025-09-08
ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་1ཉིན་གྱི་ཕྱི་དྲོར། “ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཀྱི་ཚོགས་འདུ་ཐེན་ཅིན་མེ་ཅང་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས《ཧྲང་ཧའེ་མཉམ་ལས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད་ལ། ལོ་རྒྱུས་ཡིད་ལ་འཆང་བ་དང་ཐུན་མོང་ཐོག་འབྱུང་འགྱུར་གཏོད་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་རེད། ལོ་ངོ་80ཡི་སྔོན་དུ། འཛམ་གླིང་དམག་ཆེན་གཉིས་ཀྱི་གོད་ཆག་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔ་སྡུག་ཕྱི་བསམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་དུས་ཐོག་ཏུ་བཙུགས་པས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཤོག་ལྷེ་གསར་པ་ཞིག་ཕྱེ་ཡོད། ལོ་ངོ་80ཡི་རྗེས་སུ། འཛམ་གླིང་ནི་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཡང་ལམ་བཞི་མདོ་ཁ་གསར་པ་ཞིག་ཏུ་སླེབས་ཡོད། དཀའ་ངལ་ཇི་ཙམ་ཆེ་བའི་དུས་སུ་ཞི་བདེ་མཉམ་གནས་ཀྱི་ཐོག་མའི་བསམ་འདུན་དེ་བས་རྒྱུན་འཁྱོངས་དང་། མཉམ་ལས་གཉིས་ཁེའི་གདེང་ཚོད་བརྟན་གཏོང་། ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་མདུན་སྐྱོད་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་པ་ལོ་རྒྱུས་ཀྱིས་ང་ཚོར་བསྟན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་ནས། ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་སྐྱོད་འདོད་ཡོད། དེར་བརྟེན་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་གནང་བ་སྟེ། དང་པོ། བདག་དབང་འདྲ་མཉམ་ལག་བསྟར་བྱེད་དགོས། རྒྱལ་ཁབ་ཁག་རྒྱ་ཆེ་ཆུང་དང་། སྟོབས་ཆེ་ཆུང་། དབུལ་ཕྱུག་བཅས་གང་ཞིག་ཡིན་རུང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་འདྲ་མཉམ་གྱིས་ཞུགས་པ་དང་། འདྲ་མཉམ་གྱིས་ཇུས་ཐག་གཅོད་པ། འདྲ་མཉམ་གྱིས་ཕན་པ་ཐོབ་པ་བཅས་མཐའ་འཁྱོངས་བྱེད་དགོས། རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས། གཉིས་པ། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྩི་སྲུང་ཞུ་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་སོགས་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་ཕྱོགས་ཡོངས་དང་། གང་ལེགས། ཆ་ཚང་བ་བཅས་ཀྱི་སྒོ་ནས་བརྩི་སྲུང་ཞུས་ཏེ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་འདྲ་མཉམ་དང་གཅིག་གྱུར་གྱིས་སྤྱོད་འཐུས་ཐུབ་པའི་འགན་ལེན་བྱས་ནས།“ཚད་གཞི་གཉིས”མི་བྱེད་པ་དང་རྒྱལ་ཁབ་ཉུང་ཤས་ཀྱི“ཁྱིམ་སྲོལ” གཞན་ལ་བཙན་འགེལ་བྱེད་མི་རུང་། གསུམ་པ། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་དགོས། མཉམ་གྲོས་དང་། མཉམ་འཛུཌ། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་མཐའ་འཁྱོངས་བྱས་ནས། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་དང་དབང་གྲགས་བརྟན་པོར་སྲུང་སྐྱོང་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ཧུར་ཐག་འདོན་དགོས། བཞི་པ། མི་རྩ་བར་འཛིན་རྒྱུ་དར་སྤེལ་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་འགན་ལེན་བྱས་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་དེ་བས་ལེགས་པར་གཅོག་པ་དང་། ལྷོ་བྱང་འཕེལ་རྒྱས་ཀྱི་ཧེ་བག་དེ་བས་ལེགས་པར་སེལ་བ། འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་དེ་བས་ལེགས་པར་སྲུང་སྐྱོང་བཅས་བྱེད་དགོས། ལྔ་པ། བྱ་སྤྱོད་ཀྱི་ཁྲིད་སྟོན་ལ་མཐོང་ཆེན་བྱེད་དགོས། བརྒྱུད་རིམ་ལྡན་པའི་འཆར་འགོད་དང་སྤྱི་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་བྱ་སྤྱོད་ལ་སྤྱི་འདོམས་མཐུན་སྦྱོར་བྱེད་པ་དང་། ཕྱོགས་ཁག་གི་ཐོན་ཁུངས་སྐུལ་སློང་གང་ལེགས་བྱེད་པ། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་དེ་བས་མང་བ་གཏོད་པ་བཅས་བྱས་ཏེ། དངོས་སྒྲུབ་མཉམ་ལས་ལ་བརྟེན་ནས་བཅོས་སྐྱོང་རྗེས་ལུས་དང་ཁ་ཐོར་ཅན་དུ་མི་འགྲོ་བ་བྱེད་དགོས། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་པའི་བསྒྲགས་གཏམ་དང་རྩ་འཛུགས་ཀྱི་རྩ་འཛིན་ནང་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་སྔར་བས་དམངས་གཙོ་དང་། དྲང་བདེན། ལུགས་མཐུན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཏོན་ཡོད། ལོ་24ཡི་རིང་རྩ་འཛུགས་ཀྱིས་ཕན་ཚུན་ཡིད་ཆེས་དང་། གཉིས་ཁེ། འདྲ་མཉམ། གྲོས་མོལ། ཤེས་དཔལ་སྣ་མང་ལ་བརྩི་འཇོག ཐུན་མོང་འཕེལ་རྒྱས་དོན་གཉེར་བཅས་ཀྱི“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཁྱོངས་བྱས་ནས་ས་ཁུལ་གྱི་ལས་དོན་ལ་མཉམ་གྲོས་དང་། ལས་སྟེགས་ཀྱི་ལམ་སྲོལ་མཉམ་འཛུགས། མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་འདུ་ཤེས་གསར་པ་མང་པོ་བཏོན་པ་དང་ལག་བསྟར་བྱས་པ་དག་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་དང་སྒྱུར་བཅོས་བྱེད་རིང་གི་དགེ་མཚན་ལྡན་པའི་སྐུལ་འདེད་སྟོབས་ཤུཌ་སུ་འགྱུར་བཞིན་ཡོད། འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་འཛམ་གླིང་གི་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་ཁྲོད་ཧྲང་ཧའེ་མཉམ་ལས་རྩ་འཛུཌ་ཀྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པར“ཧྲང་ཧའེ་མཉམ་ལས་ཀྱི་སྟོབས་ཤུགས”སྐྱེས་སུ་འབུལ་བ་དང་། གོ་ལ་ཧྲིལ་པོའི་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད“ཧྲང་ཧའེ་མཉམ་ལས་ཀྱི་ཐེག་པ”འཁུར་བ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བར“ཧྲང་ཧའེ་མཉམ་ལས་ཀྱི་མིག་དཔེ”སྟོན་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པར“ཧྲང་ཧའེ་མཉམ་ལས་ཀྱི་བྱ་སྤྱོད”སྤེལ་བ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ལག་ལེན་བསྟར་མཁན་གྱི་མིག་དཔེ་ཡག་པོ་ཞིག་བྱེད་དགོས། མཇུག་ཏུ་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་དཔའ་ངར་ཆེན་པོས་བདེན་དོན་ཕྲག་ཏུ་འཁུར་བ་དང་བདེན་པའི་ལམ་བསྐྱངས་ནས་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་དར་སྤེལ་གཏོང་བ་དང་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོང་བརྟན་པོ་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཀྱིས་མིའི་རིགས་ཡོངས་ལ་དེ་བས་མང་བ་དང་དེ་བས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁཱ་ཧྲེན་ཁོའོ་དང་། དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ལི་ཤཱ་པཱ་ཙི། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ། རྒྱ་གར་གྱི་སྐུ་ཚབ། ལྟ་ཞིབ་རྒྱལ་ཁབ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ། གླེང་མོལ་རོགས་ཟླའི་རྒྱལ་ཁབ་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ། ཨར་མེ་ཉི་ཡའི་ཙུང་ལི་ཕ་ཧྲི་ཉི་དབྱང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནེ། ལོ་སི་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན། མར་ཏི་ཝེའི་ཙུང་ཐུང་མུའུ་དབྱི་ཙི། འབར་མའི་ཙུང་ཐུང་ལས་ཚབ་མེ་ཨང་ལའེ། ནེ་པ་ལའི་ཙུང་ལི་ཨའོ་ལི། ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན། ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏེ་པུའུ་ལི། ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་སྐུ་མགྲོན་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར། ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་སྐུ་ཚབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་འཛུགས་སྒྲིག་གཞིའི་འགན་འཁུར་བ་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་དང་ཕྱོགས་མང་ལམ་སྲོལ་གྱི་འགན་འཁུར་བ་བཅས་ཞུགས་ཡོད་པ་རེད། ཕྱོགས་ཁག་གིས་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོར་ཚད་མཐོའི་གདེང་འཇོག་དང་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མཚལ་ཡིག་ཆེ་རུ་ཕྱིན་པ་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་འགྲན་སློང་འཕྲད་པ། ཕྱོགས་རྐྱང་རིང་ལུགས་ཐོན་འགོ་ཚུགས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་རྒྱལ་སྤྱིའི་སྒྲིག་སྲོལ་ལ་རྡབ་རྡེག་ཕོག་པས། འཛམ་གླིང་ལ་དེ་བས་ནུས་ལྡན་གྱི་བཅོས་སྐྱོང་འདུ་ཤེས་དང་བཅོས་སྐྱོང་མ་ལག་འཕྲལ་དུ་མཁོ་བའི་ངོས་འཛིན་བྱེད་ཀྱི་ཡོད། འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་སྐབས་སུ། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཏོན་པ་ནི་དུས་དང་འཚམ་པ་ཞིག་རེད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་བཙན་དབང་གཏན་ཚིགས་དོར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་གི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཐུན་མོང་འཕེལ་རྒྱས་དང་། ཐུན་མོང་བཅོས་སྐྱོང་། ཐུན་མོང་ལ་ཕན་པ་ཐོབ་པ་བཅས་དར་སྤེལ་བཏང་ནས་དེང་གི་འཛམ་གླིང་གི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས“ཧྲང་ཧའེ་ཡི་སྙིང་སྟོབས”གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་དེ་ཐོག་ནས་རྒྱལ་ཁབ་མི་འདྲ་བའི་དབར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། གཉིས་ཁེ་གཉིས་ཕན་བཅས་རྦད་དེ་བྱེད་ཆོག་པའི་ར་འཕྲོད་གང་ལེགས་བྱུང་བ་དེས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུར་མིག་དཔེ་བསྟན་ཡོད། ཕྱོགས་ཁག་གིས་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཚོང་དོན་དང་། མ་འཇོག གསར་གཏོད། བཟོ་ལས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དམ་ཟབ་བྱེད་པ་དང་། འཇིགས་སྐུལ་རིང་ལུགས་དང་། དུག་ཚོང་། དྲ་རྒྱའི་ཉེས་གསོག་བཅས་ལ་མཉམ་དུ་རྡུང་རྡེག་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་དམངས་སེམས་གཅིག་མཐུན་ཡོང་བར་བྱེད་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་འདོན་པ་བཅས་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་། འཕེལ་རྒྱས། ཡར་ཐོན་བཅས་ཀྱི་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་བྱས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10