2025-08-20
《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ8ཚེས15ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ8ཚེས16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས16པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད། རྩོམ་ཡིག་ནང་ནན་བཤད་གནང་དོན། དམངས་གཉེར་ཁེ་ལས་ནི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་ལག་ལེན་རླབས་པོ་ཆེ་དང་བསྟུན་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་ཞིག་རེད། ལོ་བཅུ་ཕྲག་ཁ་ཤས་རིང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་ཁྲོད་དམངས་གཉེར་དཔལ་འབྱོར་གྱི་གནས་བབ་དང་ནུས་པར་ངོས་འཛིན་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་དང་སྲིད་ཇུས་སྐོར་ལ་རང་རེའི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ནི་གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་འཕེལ་རྒྱས་བཏང་བ་ཞིག་རེད།
ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་ཡོད། ཏང་དང་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཡོད། ཏང་དང་རྒྱལ་ཁབ་ཀྱིས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་ལ་ཁྲིམས་ལྟར་ཐོན་སྐྱེད་ཀྱི་གཙོ་རྒྱུ་འདྲ་མཉམ་ངང་བེད་སྤྱོད་བྱེད་པ་དང་། ཁྲོམ་རའི་འགྲན་རྩོད་ནང་དྲང་གཞག་ངང་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོང་གཅིག་མཚུངས་ཐོབ་པ་བཅས་ལ་འགན་ལེན་བྱས་ཏེ། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་ལེགས་ཆ་གསབ་རེས་དང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་ཡོད། གཞི་རྩའི་མཛད་ཕྱོགས་དང་སྲིད་ཇུས་དེ་དག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མ་ལག་ནང་བཅུག་ཡོད་པ་རྩ་ཁྲིམས་དང་ཏང་གི་སྒྲིག་ཡིག་ཚང་མར་ཁ་གསལ་འཁོད་ཡོད་པས། ང་ཚོས་རྒྱུན་སྲིང་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་པ་ལས་འགྱུར་བ་གཏོང་མི་རུང་ལ་འགྱུར་བ་ཡོང་ཡང་མི་སྲིད། རྩོམ་ཡིག་ནང་བསྟན་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་ཤིང་ནུས་པ་འདོན་ས་ཧ་ཅང་མང་པོ་ཡོད། རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་ལ་གཞི་ཁྱོན་ངེས་ཅན་ལྡན་པ་དང་བསྡུར་ཚད་ཧ་ཅང་ཆེན་པོ་བཟུང་ཡོད་པས་སྤྱི་ཡོངས་ཀྱི་སྟོབས་ཤུགས་དང་། གསར་གཏོད་ཀྱི་ནུས་པ། ཁྲོམ་རའི་འགྲན་ནུས་བཅས་མཐོ་རུ་ཤུགས་ཆེན་ཕྱིན་ཏེ་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་ལྡན་ཡོད། ད་ཆ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ཆབ་སྲིད་ཀྱི་ཁོར་ཡུག་དང་། དཔལ་འབྱོར་གྱི་ཁོར་ཡུག སྤྱི་ཚོགས་ཀྱི་ཁོར་ཡུག་བཅས་ཚང་མ་ཧ་ཅང་ཡག་པོ་ཡོད་པས། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་འཇོན་ཐང་ངོམ་པའི་དུས་ལ་སླེབས་ཡོད། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་བརྡར་ཤ་གཅོད་པའི་ཐོག་དང་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ཐད་ཐབས་ཇུས་བཀོད་སྒྲིག་བྱེད་པའི་ཐོག་གཅིག་གྱུར་བྱས་ཏེ། དཀའ་ངལ་དང་འགྲན་སློང་ཁྲོད་ནས་མདུན་ལམ་དང་། འོད་ཟེར། འབྱུང་འགྱུར་བཅས་མཐོང་བར་བྱས་ནས་འཕེལ་རྒྱས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་གདེང་ཚོད་ཆེར་གཏོང་། འབད་བརྩོན་བྱས་ན་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཟུངས་མདངས་ཉམས་གསུམ་རྒྱུན་འཁྱོངས་བཅས་བྱེད་དགོས། རྩོམ་ཡིག་ནང་བསྟན་དོན། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱེད་དགོས། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པ་ཚང་མ་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་ལས། གསལ་ལ་མི་གསལ་དང་། ཀ་རེ་ཀོ་རེ། ཆད་ལྷག་གཏོང་བ་བཅས་བྱེད་མི་རུང་བ་སྟེ། གཅིག་ནས་ཁྲིམས་བཞིན་ཐོན་སྐྱེད་གཙོ་རྒྱུ་འདྲ་མཉམ་ངང་སྤྱོད་པ་དང་ཁྲོམ་རའི་འགྲན་རྩོད་ནང་དྲང་གཞག་ངང་ཞུགས་པའི་འགོག་རྐྱེན་སྣ་ཚོགས་མཐའ་གཅིག་ཏུ་བསལ་ནས། དམངས་གཉེར་ཁེ་ལས་ལ་དྲང་གཞག་གི་འཕེལ་རྒྱས་གོ་སྐབས་སྦྱིན་ནས“བཀག་རྒྱ་མེད་ན་བྱེད་ཆོག་པ”དོན་ཐོག་ཏུ་འཁྱོལ་བ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་དེ་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ལ་དྲང་གཞག་ངང་སྒོ་མོ་འབྱེད་པར་རྒྱུན་མཐུད་སྐུལ་འདེད་བཏང་ནས། དམངས་གཉེར་ཁེ་ལས“གཙོ་གལ་གཉིས”འཛུགས་སྐྲུན་དང“གསར་གཉིས”ལས་དོན་ལ་ཧུར་ཐག་ཞུགས་པར་རྒྱབ་སྐྱོར་བྱེད་པ། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་བྱེད་དཀའ་བ་དང་གྲོན་དངུལ་མཐོ་བའི་གནད་དོན་མུ་མཐུད་ཐག་གཅོད་ཧུར་ཐག་བཅས་བྱེད་དགོས། གཉིས་ནས་དམངས་གཉེར་ཁེ་ལས་ཀྱི་རྩིས་དངུལ་ཆད་འགྱངས་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས་ཤིང་། ས་གནས་སྲིད་གཞུང་གི་ཆེད་དམིགས་དངུན་བུན་སོགས་ཀྱི་སྲིད་ཇུས་གསར་པ་ཡག་པོ་སྤྱད་ནས་ཆད་དངུལ་གཙང་སྤྲོད་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། བཅའ་ཁྲིམས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཡིད་རྟོན་ཤོར་རིགས་ལ་བསླབ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ཁྲིམས་བཞིན་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཤིང་། རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་ཡིན་པས་དབང་བའི་ལམ་ལུགས་ཀྱི་ཁེ་ལས་སོགས་གཉེར་སྐྱོང་བྱེད་པོ་ཁག་གི་ཁྲིམས་འགལ་བྱེད་སྤྱོད་ཚང་མར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། གླ་རིན་གང་བྱུང་བསྡུ་བ་དང་། དངུལ་ཆད་གང་བྱུང་གཅོད་པ། ཞིབ་བཤེར་གང་བྱུང་བྱེད་པ། སྒོ་ཐེལ་གང་བྱུང་རྒྱག་པ་བཅས་ཀྱི་བྱེད་སྤྱོད་གཅིག་སྡུད་བཅོས་སྒྲིག་བྱེད་པ། ཁྲིམས་འགལ་ངང་ཡུལ་གཞན་དུ་ཁྲིམས་སྒྱུར་དང་ཕན་གཉེར་རང་བཞིན་གྱི་ཁྲིམས་སྒྱུར་མཐའ་གཅིག་ཏུ་འགོག་དགོས། བཞི་ནས་དཀའ་ངལ་སེལ་བའི་སྲིད་ཇུས་ཁག་དོན་འཁྱོལ་ནན་པོ་བྱེད་དགོས་ཤིང་། སྲིད་ཇུས་གནད་ལ་འཁེལ་ཚད་མཐོ་རུ་གཏོང་བ་དང་། དངོས་ཐོག་བདེན་འཚོལ། ཕྱོགས་བསྡུས་ཇུས་འདོན་བཅས་བྱས་ཏེ་མཉམ་སྡེབ་ཀྱི་ནུས་པ་འདོན་དགོས། ལྔ་ནས་ཉེ་གཙང་གི་སྲིད་གཞུང་དང་ཚོང་པའི་འབྲེལ་བ་སྔར་བས་འཛུགས་དགོས་ཤིང་། “ཉེ་གཙང”ཞེས་པ་ངོ་བོའི་ཐོག་ནས་བརྗོད་ན་ལས་སྒྲུབ་དང་དྭངས་གཙང་དབར་གྱི་འབྲེལ་བ་ཡིན་པ་དང་། དེ་ནི་རྩོད་སྒྲུབ་གཅིག་གྱུར་ཡིན་པས། འགལ་མེད་མཉམ་གནས་བྱེད་ཆོག རྩོམ་ཡིག་ནང་བསྟན་དོན། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་དུས་རབས་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ནས། ལས་དོན་སྒྲུབ་ཕོད་པ་དང་སྒྲུབ་མཁས་པ་དང་། ལས་གཏོད་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྤྲོ་སེམས་འཆང་བ། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། བློ་རྩེ་གཅིག་སྒྲིམ་གྱིས་ཁེ་ལས་ལེགས་སུ་དང་རྒྱ་སྟོབས་ཆེ་རུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐུལ་འདེད་པ་ཞིག་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་རང་བརྟེན་གསར་གཏོད་ལ་ཤུཌ་སྣོན་རྒྱག་པ་དང་། འཕེལ་རྒྱས་གཏོང་སྟངས་བསྒྱུར་ཏེ་ཁེ་ལས་ཀྱི་སྤུས་ཚད་དང་། ཕན་འབྲས། ལྟེ་བའི་འགྲན་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་ཀྱི་བླང་བྱ་གཞིར་བཟུང་ཁེ་ལས་བཅོས་སྐྱོང་གི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་དགོས། ཡིད་རྟོན་ཁྲིམས་སྲུང་ངང་གཉེར་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་དགོས། སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་ཧུར་ཐག་བསྟར་ནས་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་ཧུར་ཐག་འཛུགས་པ་དང་། སྤྱི་ཚོགས་ལ་གཅེས་སེམས་ལེགས་སྐྱེས་མང་ཙམ་ཕུལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེན་པོ་འབུལ་དགོས།། ( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10