2025-06-30
ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་གནམ་གྲུར་བཞུགས་ཏེ་ལྷ་སར་ཕེབས་འབྱོར་ཟིན་ནས་བོད་དུ་འགན་སྒྲུབ་ཕྱག་ལས་དང་། སྤྱི་ཚོགས་བརྟག་ཞིབ། ཆོས་ཕྱོགས་ཀྱི་མཛད་སྒོ་བཅས་སྤེལ་འགོ་ཚུགས་པ་རེད། པཎ་ཆེན་རིན་པོ་ཆེ་ལྷ་ས་གོང་དཀར་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས། གུས་ཞུའི་མི་སྣས་པཎ་ཆེན་རིན་པོ་ཆེར་ཕྱེ་མར་བཀྱགས་པ་དང་། པཎ་ཆེན་རིན་པོ་ཆེས་ཕྱེ་མར་ཕུད་གཏོར་གནང་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བཀྲ་ཤིས་བདེ་ལེགས་ཡོང་བའི་གསོལ་བ་སྨོན་ལམ་བཏབ་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་ས་ལུང་ཕུན་ལགས་ཀྱིས་པཎ་ཆེན་རིན་པོ་ཆེར་མཇལ་དར་ཕུལ་ཏེ་པཎ་ཆེན་རིན་པོ་ཆེ་ལྷ་སར་ཕེབས་པར་དགའ་བསུ་ཞུས་པ་རེད། པཎ་ཆེན་རིན་པོ་ཆེ་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕེབས་འབྱོར་ཟིན་སྐབས། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ལིའུ་ཅང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་ཀྲུའུ་ཧྲོའུ་ཁོའོ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་དང་ཡུས་ཡུན་ཀུའེ་བཅས་ཀྱིས་པཎ་ཆེན་རིན་པོ་ཆེར་མཇལ་དར་ཕུལ་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་པཎ་ཆེན་རིན་པོ་ཆེ་ཕེབས་པར་དགའ་བསུ་ཞུས་པ་དང་། དགོན་སྡེ་ཁག་གི་འཐུས་མི་དང་། མང་ཚོགས་ཀྱི་འཐུས་མི། སྐུ་མཆེད་ཀྱི་འཐུས་མི། ཕོ་བྲང་དོ་དམ་ཁྲུའི་ལས་དོན་པ། སེར་སྦྲེང་ལ་ཞུགས་པའི་དགེ་འདུན་པ་བཅས་ཀྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་སེར་སྦྲེང་བསྒྲིགས་ཏེ་པཎ་ཆེན་རིན་པོ་ཆེར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། པཎ་ཆེན་རིན་པོ་ཆེ་ལྷ་སར་བཞུགས་རིང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སུ་རྒྱུན་གཏན་གྱི་འགན་སྒྲུབ་ཕྱག་ལས་གནང་རྒྱུ་དང་ཆབས་ཅིག སྤྱི་ཚོགས་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་ཡང་སྤེལ་གནང་རྒྱུ་རེད།
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10