2025-06-10
ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ཎི་ཆོས་ཀྱི་རྒྱལ་པོའི་མཇལ་འཕྲད་དང་ལེན་གནང་། ཝང་ཧུའུ་ཉིང་དང་ཚའེ་ཆི་ཡིས་མཇལ་འཕྲད་དང་ལེན་གནང་རོགས་མཛད།
ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པཎ་ཆེན་ཨེར་ཏེ་ཎི་ཆོས་ཀྱི་རྒྱལ་པོའི་མཇལ་འཕྲད་དང་ལེན་གནང་། ཞི་ཅིན་ཕིང་གིས་ཁོང་ལ་པཎ་ཆེན་སྐུ་ཕྲེང་བཅུ་པ་མིག་དཔེར་བཟུང་ནས། ནང་བསྟན་ཆོས་གཞུང་ལ་སྦྱང་བ་ཟབ་པ་དང་། སྐྱ་སེར་དད་ལྡན་མང་ཚོགས་ཀྱིས་གོང་དུ་བཀུར་བའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཞིག་ཏུ་འགྱུར་བར་འབད་བརྩོན་མཛད་ནས། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་ཞི་མཐུན། བོད་ལྗོངས་བརྟན་བརླིང་དང་འཕེལ་རྒྱས། ཡར་ཐོན་བཅས་ཡོང་བར་མཛད་རྗེས་སྔར་བས་ཆེན་པོ་འཇོག་དགོས་པའི་སྐུལ་ལྕག་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཡིས་མཇལ་འཕྲད་དང་ལེན་གནང་རོགས་མཛད། པཎ་ཆེན་མཆོག་གིས་ཞི་ཅིན་ཕིང་ལ་ཁ་བཏགས་ཕུལ་བ་དང་། ཉེ་བའི་ལོ་ཤས་རིང་ཁོང་གིས་བསླབ་པ་སློབ་གཉེར་དང་ཕྱག་ལས་གནང་བའི་གནས་ཚུལ་མཚམས་སྦྱོར་ཞུས། ཞི་ཅིན་ཕིང་གིས་ཁོང་ཉིད་ཕྱོགས་གང་ཅིའི་ཐད་ཡར་རྒྱས་བྱུང་བར་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་པཎ་ཆེན་མཆོག་གིས་མུ་མཐུད་དེ་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་གནང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་གནང་བ། སློབ་གཉེར་གྱི་ཕྱོགས་ནས་བརྩོན་པ་གང་ལེགས་གནང་སྟེ། ཆོས་ལུགས་ཀྱི་སྒོམ་སྒྲུབ་ཉམས་ལེན་གཏིང་ཟབ་ཏུ་སྤེལ་བ་དང་། ཆོས་ལུགས་ཀྱི་རིག་གཞུང་ཆུ་ཚད་མཐོ་རུ་བཏང་ནས། རིག་པའི་གནས་མཐའ་དག་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ། ཕྱག་ལས་ཐད་ནས་འབད་པ་གང་ལེགས་གནང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། མ་ལག་ཆ་ཚང་བའི་སྒོ་ནས་རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་དང་། བོད་ལྗོངས་དེང་རབས་ཅན་དུ་འཛུགས་སྐྱོང་བྱེད་པར་ནུས་པ་སྔར་བས་ཆེན་པོ་འདོན་པ། སྤྱོད་ལམ་ཐད་ནས་འདུལ་ཁྲིམས་ཚུལ་བཞིན་སྲུང་བ་དང་། ཁྲིམས་སྲུང་འདུལ་འཛིན་ལ་སྣེ་ཁྲིད་གནང་སྟེ། བླ་ན་མེད་པའི་བསམ་སྦྱོར་ལེགས་པར་སྐྱོང་བ་བཅས་བྱ་དགོས་པའི་ཐུགས་རེ་གནང་བ་རེད། པཎ་ཆེན་མཆོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་མིག་དཔེར་བཟུང་སྟེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་སྲུང་སྐྱོང་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་ཡིན། མུ་མཐུད་དེ་བསླབ་པ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་ལ་འབད་བརྩོན་བྱས་ནས། ཆོས་ལུགས་ཤེས་བྱ་དང་ཕྱོགས་གང་ཅིའི་བྱང་ཚད་ཇེ་མཐོར་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། མ་ལག་ཆ་ཚང་བའི་སྒོ་ནས་རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བ། བོད་ལྗོངས་དེང་རབས་ཅན་དུ་འཛུགས་སྐྱོང་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་གསུངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་འཛིན་ལི་ཀན་ཅེ་བྱེད་སྒོའི་ནང་ཞུགས།ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཁམས་པའི་བརྙན་འཕྲིན། རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10