སྡེ་སྲིད་བསོད་ནམས་ཆོས་འཕེལ།

        2025-06-09

སྡེ་སྲིད་བསོད་ནམས་ཆོས་འཕེལ(མཚན་གཞན་བསོད་ནམས་རབ་བརྟན་དང་རྒྱ་ལེ་ཆོས་མཛད་ཀྱང་ཟེར)རབ་བྱུང་བཅུ་པའི་ཤིང་ལུག(༡༥༩༥)ལོར་སྟོད་ལུང་རྒྱ་ལེར་སྐུ་འཁྲུངས། སྐུ་ནར་སོན་རྗེས་འབྲས་སྤུངས་དགའ་ལྡན་ཕོ་བྲང་པའི་ལས་སྣེར་ཞུགས། དེ་རྗེས་ཕྱག་མཛོད་ཀྱི་འགན་བཞེས། ཆུ་ཁྱི(༡༦༢༢)ལོ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དགུང་ལོ་དྲུག་སྟེང་འབྲས་སྤུངས་སུ་གདན་ཞུ་མཛད། སྐབས་དེར་གཙང་པ་རྒྱལ་པོས་ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་ཀྱིས་འགའ་ལྡན་ཕོ་བྲང་པར་སྡང་ཟུག་བྱས་པར་བརྟེན་རབ་བྱུང་བཅུ་གཅིག་པའི་ཆུ་བྱ(༡༦༣༣)ལོ་ཕྱག་མཛོད་བསོད་ནམས་ཆོས་འཕེལ་གྱིས་སོག་པོ་ལྷ་བཙུན་ཆུང་བ་བློ་བཟང་བསྟན་འཛིན་དང་མཉམ་དུ་སོག་དམག་ཁྲིད་ནས་དབུས་ཀྱི་སྡེ་པ་སྐྱིད་ཤོད་པའི་དམག་དཔུང་དང་མཉམ་འབྲེལ་གྱིས་གཙང་པ་རྒྱལ་པོར་རྒོལ་ལན་སྤྲད། དགའ་ལྡན་ཕོ་བྲང་གི་བླ་བྲང་ལ་ལྷ་ས་རགས་མན་ཆད་ཀྱི་ཆོས་གཞིས་བདག་དབང་ཡོད་པ་དང་། ཕྱག་མཛོད་བསོད་ནམས་ཆོས་འཕེལ་འབྲས་སྤུངས་སུ་བཞུགས་ཆོག་པ་བྱུང་། དེ་རྗེས་ཕྱག་མཛོད་བསོད་ནམས་ཆོས་འཕེལ་དང་སྐྱིད་ཤོད་བྱེ་རི་སྟག་རྩེ་བའི་སྡེ་པ་མཚོ་སྐྱེས་རྡོ་རྗེ་སོགས་ཇུན་གར་བའི་ཕྱོགས་སུ་བསྐྱོད་དེ་སོག་པོའི་རྒྱལ་བློན་རྣམས་ལ་དཔུང་རོགས་ཡོང་བ་ཞུས་པས་རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ(༡༦༤༡)ལོ་གུ་ཤྲི་ཁང་གི་དཔུང་ཆེན་གྱིས་གཙང་པ་སྡེ་པའི་མཐུན་ཕྱོགས་བེ་རི་ཚོགས་པ་སོགས་ཆམ་ལ་ཕབ་ཅིང་། བསམ་གྲུབ་རྩེ་དང་། དབུས་གཙང་མཐའ་དག་དབང་དུ་བཅུག་པ་སོགས་ཀྱི་རྒྱལ་ཁའི་དྲན་གསོར་ཕྱག་མཛོད་བསོད་ནམས་ཆོས་འཕེལ་གྱིས་ལྷ་ལྡན་གཙུག་ལག་ཁང་གི་མདུན་ཕྱོགས་སུ་བྱུས་ཡག་དར་ཆེན་ཞེས་པ་འདི་བཙུགས། རབ་བྱུང་བཅུ་གཅིག་པའི་ཆུ་རྟ(༡༦༤༢)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བོད་ཀྱི་ཆོས་སྲིད་དབང་ཆ་ཚང་མ་བཞེས་པ་དང་། དགའ་ལྡན་ཕོ་བྲང་དབུ་བརྙེས་པ་དང་འབྲེལ་ཞལ་ངོ་བསོད་ནམས་ཆོས་འཕེལ་ལ་སྡེ་སྲིད་བསྐོ་གཞག་བསྩལ། ལོ་དེར་སྡེ་སྲིད་ཀྱིས་གཙང་དང་སྟོད་ཁུལ་མངའ་སྡེ་རྣམས་ལ་བལྟ་བསྐོར་དང་། ས་མི་ཞིབ་བཤེར། ཁྲལ་བཟོ་ཁུངས་འཇུག་བྱེད་མིའི་ལས་བྱེད་པ་རིམ་བཞིན་བསྐོ་རྫོང་གནང་ཞིང་། ཤིང་བྱ(༡༦༤༥)ལོ་ཏཱ་ལའི་བླ་མ་ལྔ་པ་མཆོག་ནས་སྡེ་སྲིད་བསོད་ནམས་ཆོས་འཕེལ་དང་བཀའ་གྲོས་ཀྱིས་རྩེ་ཤར་རྒྱུད་ཕོ་བྲང་དཀར་པོའི་རྨང་འདིང་བའི་དབུ་བཙུགས་ནས་ས་བྱི(༡༦༤༨)ལོ་བར་ལོ་བཞིའི་ནང་གྲུབ། སྔར་གྱི་སྣེ་གདོང་དང་གཙང་པ་སྡེ་པའི་ཁྲིམས་ཡིིག་ལ་སྣོན་འཕྲི་དང་འབྲེལ་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་གཏན་ལ་ཕབ། ལྷ་ལྡན་གཙུག་ལག་ཁང་ཉམས་གསོ་རྒྱ་སྐྱེད་ཐོག་ཕྱོགས་བཞིའི་རྒྱ་ཕིབས་གསར་བཟོ་དང་། རྭ་སྒྲེང་གི་འདུ་ཁང་ཆེན་མོ་དབུ་རྩེ་དང་བཅས་པ། དགའ་ལྡན་ཡངས་པ་ཅན། འོལ་ཁ་རྫིང་ཕྱི་ལྷ་ཁང་། སེ་འབྲས་ཀྱི་ཚོགས་ཆེན་འདུ་ཁང་རྙིང་པ་རྣམས་ཉམས་གསོ་གསར་བཞེངས་གནང་བ་སོགས་སྡེ་སྲིད་འདི་ཉིད་ནས་ཏཱ་ལའི་བླ་མ་ལྔ་པ་ཆེན་པོའི་དབུ་འོག་དཔུང་འདེགས་ཀྱིས་དགའ་ལྡན་ཕོ་བྲང་པའི་བསྟན་སྲིད་ཀྱི་དོན་དུ་སྐུ་ཚེ་གང་པོར་འབད་བརྩོན་ལྷོད་མེད་ཀྱིས་བྱས་རྗེས་ཆེན་པོ་བཞག་སྟེ་མཐར་ས་བྱི(༡༦༥༨)ལོའི་ཟླ་གསུམ་པའི་ཚེས་གསུམ་ཉིན་ལྷ་ལྡན་བླ་བྲང་སྟེང་དུ་སྐུ་གཤེགས།ཡོང་ཁུངས། དུང་དཀར་ཚིག་མཛོད་ཆེན་མོ། རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:རྔོག་ལེགས་པའི་ཤེས་རབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།