2025-06-09
སྤྱི་ཟླ6པའི་ཚེས7ནས་ཚེས9ཉིན་བར་སི་ཁྲོན་ཞིང་ཆེན་གྱིས“མཐོ་རྒྱུགས་གསར་པ”སྐབས་དང་པོ་བསུ་རྒྱུ་རེད། མཐོ་རིམ་ལས་རིགས་སློབ་གསོའི་སློབ་མ་ཁེར་བསྡུའི་ལས་དོན་མཇུག་འགྲིལ་རྗེས་རང་ཁུལ་གྱི་རྒྱུགས་སྤྲོད་སློབ་མ3664ཡིས“3+1+2”རྒྱུགས་ལེན་བྱེད་སྟངས་གསར་རྐྱང་གི་འགྲན་སློང་བསུ་རྒྱུ་རེད། ད་ལོའི་མཐོ་རྒྱུགས་ཁྲོད་དུ་རང་ཁུལ་གྱིས་ཚད་ལྡན་ཅན་གྱི་རྒྱུགས་གནས9དང་རྒྱུགས་ར147། གསང་སྲུང་ཁང10བཅས་བཙུགས་པར་མ་ཟད། རྒྱུགས་ལས་ལས་དོན་མི་སྣ900ལྷག་ཙམ་ལས་ཀའི་ནང་ཞུགས་རྒྱུའི་བཀོད་སྒྲིག་བྱས་ཡོད།
སྤྱི་ཟླ6པའི་ཚེས4ཉིན་བར། རྒྱུགས་གནས་ཁག་སོ་སོས་རྒྱུགས་ར་བཀོད་སྒྲིག་དང་སྒྲིག་ཆས་སྙོམ་སྒྲིག་སོགས་ཀྱི་གྲ་སྒྲིག་ལས་དོན་སྔ་སྣུར་དུ་ལེགས་གྲུབ་བྱུང་ནས“མཐོ་རྒྱུགས་གསར་པ”སྐབས་དང་པོ་བསུ་བར་གྲ་སྒྲིག་གང་ལེགས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན།“3+1+2”རྣམ་པའི“3”ནི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་ཚན་པའི་སྐད་ཡིག་དང་གྲངས་རིག། ཕྱི་རྒྱལ་སྐད་ཡིག་བཅས་ཡིན་པ་དང་།“1+2”ནི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་སྦྱོང་ཆུ་ཚད་ཀྱི་གདམ་ག་རང་བཞིན་གྱི་རྒྱུགས་ལེན་ཚན་པའི་གྲས་ཤིག་ཡིན་པ་རེད། དེའི་ནང་དུ“1”ནི་དངོས་ལུགས་དང་ལོ་རྒྱུས་ལས་བསླབ་ཚན1འདེམས་པ་དང་།“2”ནི་བསམ་བློ་ཆབ་སྲིད་དང་ས་ཁམས། རྫས་འགྱུར། སྐྱེ་དངོས་བཅས་ལས་བསླབ་ཚན2འདེམས་རྒྱུ་དེ་རེད། ཁུལ་སློབ་ཆེན་འབྲིང་རིམ་ཆེད་ལས་སློབ་མ་བསྡུ་ལེན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཁྲེན་མེ་ཡིས“རྒྱུགས་སྤྲོད་རྣམ་པ་འདིས་སློབ་མར་གདམ་གསེས་བྱེད་དབང་དེ་བས་མང་བ་ཡོད་པས་མཐོ་སློབ་ཀྱི་ཆེད་ལས་གསོ་སྐྱོང་གི་དགོས་མཁོ་དང་འབྲེལ་མཐུད་ལེགས་པོ་བྱེད་ཐུབ”ཞེས་ངོ་སྤྲོད་བྱས།
མཐོ་རྒྱུགས་ལས་དོན་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏང་ཆེད། རང་ཁུལ་གྱིས་མཐོ་རིམ་བཀོད་སྒྲིག་དང་གནད་འཁེལ་ཐབས་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བ་དང་། རྒྱུགས་ལེན་ཉེན་མེད་ཡོང་བར་དམིགས་ནས་བདེ་འཇགས་གསང་སྲུང་དམ་འཛིན་ནན་པོ་བྱས་ནས་རྒྱུགས་ལེན་ཉེན་མེད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་བསྐྲུན། རྒྱུགས་ལས་ལས་དོན་ཚད་ལྡན་ཡོང་བར་དམིགས་ནས་ཁུལ་དང་རྫོང་། སློབ་གྲྭ་བཅས་རིམ་པ་གསུམ་ལ་ཁྱབ་པའི་གསོ་སྦྱོང་སྒྲིག་འཛུགས་བྱས། རྒྱུགས་ལས་ལས་དོན་མི་སྣ་འདེམས་སྒྲུག་དང་གསོ་སྦྱོང་། ཉེན་བརྡའི་སློབ་གསོ་བཅས་ལེགས་པོར་སྤེལ། རྒྱུགས་ལེན་སྤྱོད་ཚུལ་དང་སྒྲིག་ཁྲིམས་ནན་པོ་བྱས་ཏེ“གནས་དྲུག་གཞི་གཅིག”གི་འགོག་སྲུང་དྲ་བ་ཁྱོན་ཡོངས་ལ་ཁྱབ་པ་དོན་འཁྱོལ་བྱས། ལག་ཁྱེར་ཁ་པར་སོགས་འཕྲིན་གཏོང་ཡོ་བྱད་མཐོ་རྒྱུགས་ཁྲོད“འཁྱེར་མི་ཐུབ་པ་དང་སྤྱོད་མི་ཐུབ་པ། བརྒྱུད་གཏོང་མི་ཐུབ་པ”བྱས།
དེ་དང་ཆབས་ཅིག་སྡེ་ཚན་མང་པོས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ནས་རྒྱུགས་ལེན་ཁོར་ཡུག་གཙང་བསྒྱུར་བྱས། རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་དོ་དམ་ཐད་མི་རིགས་ས་ཁུལ་གྱི་སྐར་མ་བསྣན་རྒྱུ་དང་ཆེད་དོན་སྲིད་ཇུས་རྒྱུགས་ལེན་མཁན་གྱི་ཐོབ་ཐང་ལ་ཞིབ་བཤེར་ནན་པོ་བྱས་པར་མ་ཟད། སྒྲིག་སྲོལ་ལྟར་གསལ་བསྒྲགས་བྱས་ནས་དྲང་གཞག་དྲང་བདེན་འགན་ལེན་བྱས། གཞན་ཡང་རྫོང་ཁག(གྲོང་ཁྱེར)སོ་སོ་དང་རྒྱུགས་གནས་སློབ་གྲྭས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཚུབ་བསྟུན་ཐག་གཅོད་ཀྱི་སྔོན་ཇུས་འཐུས་ཚང་དུ་བཏང་ནས་ཕྱོགས་ཡོངས་དང་འབྲེལ་ཐག་ཡོངས་ཀྱི་འགན་སྲུང་བྱེད་ཐབས་སྤྱད་དེ་མཐོ་རྒྱུགས་བདེ་བླག་ཡོང་བར་སྲུང་སྐྱོང་བྱས་པ་རེད་དོ།།
ལོ་ཙཱ། རྟ་མགྲིན་རྡོ་རྗེ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10