ལྕང་སྐྱ་རོལ་པའི་རྡོ་རྗེ།

        2024-12-17

ལྕང་སྐྱ་རོལ་པའི་རྡོ་རྗེ། མཚན་གཞན་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔལ་བཟང་པོ་ཞུ་བ་འདི་ཉིད་ཙོང་ཁ་བྱང་གི་ཕྱོགས་མདོ་སྨད་ཡུལ་གྲུ་ལང་གྲུ་སྡེ་བཞིར་གྲགས་པའི་ནང་ཚན་ནུབ་པདྨོ་སྡེའི་ཆར་གཏོགས་པའི་འབྲོག་གནས་བྲག་དཀར་ཟེར་བའི་ལུང་པར་ཡབ་ཆི་ཀྱཱ་ཚངས་པ་གུ་རུ་བསྟན་འཛིན་དང་ཡུམ་བུ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་བྱ(༡༧༡༧)ལོར་སྐུ་བལྟམས། མཚན་གྲགས་པ་བསོད་ནམས་ཞེས་གསོལ། དགུང་ལོ་བཞི་པ་ལྕགས་བྱི(༡༧༢༠)ལོར་ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་གི་ལྕང་སྐྱ་བླ་བྲང་དུ་ཕེབས། འཇམ་བཞད་འཇིགས་མེད་དབང་པོས་ལྕང་སྐྱ་སྐུ་ཕྲེང་གཉིས་པ་བློ་བཟང་ཆོས་ལྡན་གྱི་སྤྲུལ་སྐུར་ངོས་འཛིན་མཛད། ཆུ་བཟང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ་སྐྲ་ཕུད་ཕུལ་ཏེ་མཚན་ངག་དབང་ཆོས་ཀྱི་གྲགས་པ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། སྐུ་གོང་མའི་སློབ་མ་ཨ་རྩེ་ཆོས་རྗེ་བློ་བཟང་ཆོས་འཛིན་པའི་དྲུང་དུ་གཟབ་གཤར་གྱི་ཡི་གེ་འབྲི་ཀློག་ཚེགས་མེད་པར་ཐུགས་སུ་ཆུད་ཅིང་། ཆོས་སྤྱོད་གསོལ་འདེབས་ཀྱི་རིམ་པ། བདེ་གསང་འཇིགས་གསུམ་གྱི་སྒྲུབ་ཐབས་སོགས་འཕྲལ་མཁོའི་ཆོས་ཚན་ཕལ་ཆེ་བ་ཐུགས་འཛིན་མཛད། དགུང་ལོ་བདུན་པ་ཆུ་ཡོས(༡༧༢༣)ལོར་རྗེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང་བར་མའི་ཚུལ་ཁྲིམས་ལེགས་པར་བཞེས། དགུང་ལོ་བརྒྱད་པ་ཤིང་འབྲུག(༡༧༢༤)ལོར་གོང་མ་གཡུང་ཊེང་གིས་གདན་དྲངས་ཏེ་ཟུང་གྲུ་ཟི་དགོན་པར་སྐུ་གོང་མའི་ཆོས་ཀྱི་རྒྱལ་སྲིད་ཀྱི་ཁྲིར་བཀོད། དེ་ནས་རྗེ་ཁྲི་ཆེན་མཆོག་སྤྲུལ་བློ་བཟང་བསྟན་པའི་ཉི་མ་དང་། དཀའ་ཆེན་ཤེས་རབ་དར་རྒྱས། ཨ་རྩེ་ཆོས་རྗེ་བློ་བཟང་ཆོས་འཛིན་བཅས་སློབ་དཔོན་དུ་བསྟེན་ནས་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ཆེན་རྣམས་ཀྱིས་གཙོས་མདོ་སྔགས་ཀྱི་གཞུང་ཆེན་མོ་ཀུན་ལ་གསན་སྦྱོང་ལེགས་པར་མཛད་དེ་གཞན་དྲིང་མི་འཇོག་པའི་སྤོབས་པ་བརྙེས། དགུང་ལོ་དགུ་པའི་སྐབས་བྱང་ཆུབ་ལམ་གྱི་རིམ་པའི་དམིགས་རྣམ་གསོལ་འདེབས་ཚིགས་བཅད་མ་ལྗགས་རྩོམ་གྱི་ཐོག་མར་མཛད། དགུང་ལོ་བཅུ་གཅིག་པའི་དུས་ནས་སྐྱབས་འགྲོའི་ཁྲིད་དང་། དབང་ཆེན་གྱི་རིགས་མ་གཏོགས་གང་ཞུས་ཅི་དགར་བསྩལ། དགུང་ལོ་བཅུ་བདུན་ནས་གཞུང་ལུགས་ལ་སྦྱངས་པའི་རྩོད་པར་ཞུགས་ནས་རྒོལ་བའི་སྤོབས་པ་འཇོམས་པར་མཛད། རྒྱ་དང་སོག་པོ་མན་ཇུ་བཅས་ཀྱི་སྐད་ཡིག་ཀྱང་ཐུགས་སུ་ཆུད། གོང་མས་རྗེ་འདི་ལ་སྔགས་བརྗོད་གསེར་གྱི་བཀའ་ལུང་དང་བཅས་སྐུ་གོང་མའི་དུས་བཞིན་བཀྭན་ཏིང་ཕུའུ་ཤན་བཀྭང་ཆི་ཏཱ་གཽ་ཤྲི་ཞེས་བོད་སྐད་དུ་བྱམས་བརྩེས་འགྲོ་བ་ཡོངས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་ཀུན་མཁྱེན་བླ་མ་ཆེན་པོ་ཞེས་པའི་མཚན་གྱིས་གཟེངས་བསྟོད་དང་གསེར་སྲང་བརྒྱད་ཅུ་ལས་གྲུབ་པའི་ཐམ་ག། སྔགས་བརྗོད་ཀྱི་གསེར་ཡིག་བཅས་ཕུལ། ཤིང་ཡོས(༡༧༣༥)ལོར་སྐྱབས་མཆོག་བསྐལ་བཟང་རྒྱ་མཚོ་མགར་ཐར་ནས་དབུས་སུ་གདན་འདྲེན་པར་ཕེབས། སྐྱབས་མཆོག་དེ་དང་ཁྲི་ངག་དབང་མཆོག་ལྡན་ཡབ་སྲས་ལས་རི་བོ་དགེ་ལྡན་པའི་སྙན་བརྒྱུད་ཀྱི་གདམས་པ་ཡོངས་རྫོགས་གསན། མེ་འབྲུག(༡༧༣༦)ལོའི་ཟླ་བཅུ་པར་གཙང་དུ་པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔལ་བཟང་པོ་ཞེས་གནང་། ཚེས་བཅུ་བདུན་ཉིན་པཎ་ཆེན་མཆོག་གི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། ལོ་དེར་རྒྱ་ནག་པེ་ཅིན་དུ་ཕེབས་ནས་གོང་མ་ཆེན་ལུང་དང་མཇལ། གོང་མ་ཆེན་ལུང་ལ་ཐོག་མར་སྐྱབས་འགྲོའི་ཁྲིད་མདོར་བསྡུས་དང་། བོད་ཡིག་གཟབ་གཤར་གྱི་འབྲི་ཀློག དག་ཡིག བྱང་ཆུབ་ལམ་རིམ། བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་བཅས་རིམ་པར་གནང་། དགུང་ལོ་ཉེར་ལྔ་པ་ལྕགས་བྱ(༡༧༤༡)ལོའི་ཟླ་བཅུ་པའི་ཚེས་ཤར་ནས་རྒྱལ་བའི་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་ལོ་ཙཱ་བ་དུ་མ་དང་མཉམ་དུ་སོག་སྐད་དུ་སྒྱུར་འགོ་ཚུགས། ཕྱི་ལོ་ཟླ་གསུམ་པའི་ཚེས་ལྔ་ཉིན་ཡོངས་སུ་གྲུབ་སྟེ་པར་ཕུད་རྒྱལ་མཆོག་བདུན་པ་ཆེན་པོར་ཕུལ། བཀའ་འགྱུར་རིན་པོ་ཆེ་ཧོར་གྱི་ཡུལ་གྲུ་ཀུན་ལ་ཁྱབ་པར་མཛད། རབ་བྱུང་བཅུ་གསུམ་པའི་ས་སྦྲུལ(༡༧༤༩)ལོར་རང་ཡུལ་མདོ་སྨད་དུ་ཕེབས། དགོན་ཆེན་སྐུ་འབུམ་དང་། དགོན་ལུང་། གསེར་ཁོག་གསུམ་ལ་གོང་མས་ཕུལ་བའི་རྩི་པེན་བསྩལ་ཞིང་། ཟབ་ཆོས་བདུད་རྩིའི་གྲུ་ཆར་ཕབ་སྟེ་འགྲོ་དོན་རྒྱ་ཆེར་མཛད། འཇམ་དབྱངས་བཞད་པའི་རྡོ་རྗེའི་སྤྲུལ་པའི་སྐུར་བསྙེན་རྫོགས་དགེ་སློང་གི་དངོས་པོ་བསྒྲུབས་ཏེ་མཚན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ཞེས་བསྩལ། ལོ་དེའི་ཟླ་བ་བརྒྱད་པར་པེ་ཅིན་དུ་བྱོན་ནས་བོད་ལུགས་ཀྱི་དགོན་པ་མང་པོ་གསར་དུ་བཞེངས། དགུང་ལོ་ཞེ་གཅིག་པར་སླར་དབུས་སུ་ཕེབས། གོང་ས་འཇམ་དཔལ་རྒྱ་མཚོ་རྒྱལ་བའི་སྤྲུལ་སྐུར་ངོས་བཟུང་། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་བརྩམས། ཤིང་སྤྲེལ(༡༧༦༤)ལོར་དགོན་ལུང་གི་ཁྲི་པ་མཛད་ནས་ཚད་མ་རྣམ་འགྲེལ་གྱི་འཛིན་གྲྭ་གསར་དུ་བཙུགས། དེ་ནས་དགུང་ལོ་ང་གཅིག་པར་ཁྲི་པ་དགོངས་ཞུ་གནང་། མེ་ཕག(༡༧༦༧)ལོར་རི་བོ་རྩེ་ལྔར་ཕེབས་ནས་ཨེ་ཝཾ་དགའ་འཁྱིལ་ཞེས་པའི་སྒྲུབ་ཁང་བཏབ། དགུང་ལོ་ང་ལྔ་ལ་ཕེབས་པ་ལྕགས་ཡོས(༡༧༧༡)ལོར་གོང་མའི་ངོ་སྐུལ་ལྟར་བཀའ་འགྱུར་ཆེན་མོ་མན་ཇུའི་སྐད་དུ་སྒྱུར་བའི་དབུ་ཚུགས་ཏེ་བླ་མ་མཁས་པ་དང་ཡོན་ཏན་ཧ་ཅང་བཟང་བའི་ལོ་ཙཱ་བ་བསྡུས་ཏེ་བསྒྱུར། བདག་ཉིད་ཆེན་པོ་འདིའི་གསུང་ལས་སྐྱེས་པའི་སློབ་མའི་ནང་དམ་པའི་སྐྱེ་རབས་འཛིན་པའི་སྤྲུལ་སྐུ་དང་། ཆོས་ཀྱི་གདན་ཁྲིར་བཞུགས་པའི་བླ་ཆེན། བཀའ་པོད་མང་པོ་སྦྱངས་པའི་དགེ་བཤེས། སྒྲུབ་པ་སྙིང་པོར་བྱེད་པའི་སྤོང་བ་པ། སྐད་གཉིས་སྨྲ་བའི་ལོ་ཙཱ་བ། འདུལ་བ་དང་མདོ་སྡེ་ལ་མཁས་པའི་ཧྭ་ཤང་། དད་པའི་ནོར་གྱི་ཕྱུག་པའི་ཁྱིམ་བདག་སོགས་མཐའ་དབུས་ནོར་འཛིན་གྱི་རྒྱ་ཁྱོན་གང་སར་གནས། ལེགས་བཤད་ཀྱི་གསུང་རྩོམ་ཡང《རྒྱལ་དབང་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ》《གྲུབ་མཐའི་རྣམ་གཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན》 《དག་ཡིག་མཁས་པའི་འབྱུང་གནས》《བྱང་ཆུབ་ལམ་གྱི་སྒྲོན་མའི་ས་བཅད་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བཤད་པ་ཐེག་ཆེན་འཇུག་སྒོ》《གསང་འདུས་བསྙེན་ཡིག་དངོས་གྲུབ་བདུད་རྩིའི་བུམ་བཟང》སོགས་པོ་ཏི་དགུ་ཙམ་བཞུགས། མཐར་དགུང་གྲངས་བདུན་ཅུ་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་མེ་རྟ(༡༧༨༦)ལོའི་བོད་ཟླ་བཞི་པའི་ཚེས་གཉིས་ཉིན་རི་བོ་རྩེ་ལྔའི་ཨེ་ཝཾ་དགའ་འཁྱིལ་དུ་གཤེགས། ཡོང་ཁུངས། དུང་དཀར་ཚིག་མཛོད་ཆེན་མོ། རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:རྒྱལ་རོང་པད་མ་ཀུན་གྲོལ་དང་ཀུན་བཟང་བསྟན་པའི་ཉི་མ།
  • ལེ་ཚན་རྗེས་མ།:རྔོག་ལེགས་པའི་ཤེས་རབ།
  • དོ་སྣང་ཆེ་བའི་རྩོམ།