2024-12-10
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་མཐའ་འཁྱོངས་ཏེ་དང་ཞི་ཅིན་ཕིང་གི་རིག་གནས་བསམ་བློ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སློབ་སྦྱོང་རྩ་གནད》(གཤམ་དུ་བསྡུས་མིང་ལ《རྩ་གནད》ཅེས་བརྗོད་རྒྱུ)ཞེས་པའི་དཔེ་དེབ་རྩོམ་སྒྲིག་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་དུ་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ལ་གཞི་ཚུགས་ནས། རིག་གནས་འཛུགས་སྤེལ་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་གོ་གནས་འབུར་ཐོན་དུ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ་དང་། གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་བསམ་བློ་གསར་པ་དང་ལྟ་བ་གསར་པ་རབ་དང་རིམ་པ་བཏོན་པས། ཞི་ཅིན་ཕིང་གི་རིག་གནས་བསམ་བློ་ཆགས་པ་རེད། ཞི་ཅིན་ཕིང་གི་རིག་གནས་བསམ་བློའི་མ་ལག་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཇི་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཇི་ལྟར་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་དཔྱད་གཞི་གལ་ཆེན་ལ་དྲིས་ལན་བཏབ་ཡོད་པ་དང་། དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་གི་གོ་གནས་དང་ནུས་པ་དང་། དམིགས་འབེན་དང་ལས་འགན། བྱེད་ཕྱོགས་དང་རྩ་དོན། འཐབ་ཇུས་ཀྱི་ཐབས་ལམ། ལག་ལེན་གྱི་བླང་བྱ་བཅས་རྒྱས་བཤད་གཏིང་ཟབ་བྱས་ཡོད་པས། དེ་ནི་དུས་རབས་གསར་པར་ཏང་གིས་རིག་གནས་འཛུགས་སྐྱོང་ལ་འགོ་ཁྲིད་བྱས་པའི་ལག་ལེན་གྱི་ཉམས་མྱོང་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་བསྡོམས་ཡིན། “ཟུང་འབྲེལ་གཉིས”མཐའ་འཁྱོངས་དང་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་དང་། ཁ་གསལ་ངང་བེད་སྤྱོད་ཐུབ་པ་དང་བེད་སྤྱོད་ནུས་ལྡན་བྱེད་པའི་ཚན་རིག་གི་མ་ལག་ཅིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིག་གནས་ཀྱི་ལེའུ་ཞིག་གྲུབ་ཡོད། དེས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གི་བསམ་བློ་དང་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ། རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བཅས་བྱ་ཆེད་བསམ་བློའི་དྲག་ཆས་ཆེན་པོ་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད་པ་རེད།
《རྩ་གནད》ལ་ཁྱོན་ལེའུ14དང་། དོན་ཚན85། ཡིག་འབྲུ་ཁྲི6.8བཅས་ཡོད། དཔེ་དེབ་འདེའི་ནང་ཞི་ཅིན་ཕིང་གི་རིག་གནས་བསམ་བློའི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆད་འགྲེལ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིག་གནས་ཁྱབ་ཁོངས་ཀྱི་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་ཕྱོགས་ཡོངས་ནས་མཚོན་ཡོད་པ་རེད།《རྩ་གནད》ནང་རྒྱས་བཤད་གཏིང་ཟབ་དང་། གྲུབ་ཆ་གཟབ་ནན། ལྷག་བསམ་རྣམ་དག་གི་མ་ཡིག་དང་མ་རྩོམ་དང་རྩོམ་སྟངས་བཅས་གསོན་ཉམས་ལྡན་ལ་བབ་ཆགས་པ་ཞིག་ཡོད་པས་རྒྱ་ཆེའི་ཏང་མི་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར་རམ་འདེགས་ཐུབ་པའི་ཀློག་དེབ་ཅིག་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར།
ལོ་ཙཱ། ཨོ་རྒྱན།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10