2024-12-10
ཉེ་ཆར། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་སྙིང་དོན་བསྒྲགས་ཏེ་སྦྱངས་པ་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུར་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་སྲིད་ཚོགས་འདུ་ཐེངས་བཅོ་ལྔ་པ་མ་འཚོག་སྔོན་ལ་དམངས་སྲིད་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། དམངས་སྲིད་བྱ་གཞག་འཕེལ་རྒྱས་ཐད་ཐོབ་པའི་གོང་འཕེལ་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་བས། དམངས་སྲིད་ལས་དོན་ལ་མཐོང་ཆེན་དང་དམངས་བརྩེ་ཟབ་མོ་མཚོན་ཡོད་ཅིང་། ང་ཚོས་དམངས་སྲིད་ལས་དོན་ཡག་པོ་བསྒྲུབ་པར་བརྩི་སྲུང་ཞུ་ཡས་བསྟན་ཡོད། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་སྲིད་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། རྒྱལ་ཡོངས་དམངས་སྲིད་གྲོས་ཚོགས་ཐེངས་བཅོ་ལྔ་པའི་སྙིང་དོན་དོན་འཁྱོལ་ལེགས་པོ་བྱས་ཏེ། དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་ཟབ་མོ་དང་ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དྲག་པོ། ཕྲ་ཞིང་ཞིབ་པའི་ལས་ཀའི་སྤྱོད་ཚུལ། བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་བཅས་རྒྱུན་འཁྱོངས་ལ་བརྟེན་ནས་དམངས་སྲིད་ལས་དོན་སྒྲུབ་པ་དང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བར་དམིགས་ནས་འཚོ་སྐྱོར་དམའ་ཤོས་ཀྱི་འགན་ལེན་དྲ་བ་དམ་པོར་བཟོ་བ་དང་། མཉམ་དུ་ཕྱུག་པོར་ཡོང་བར་དམིགས་ནས་འཚོ་སྐྱོར་དམའ་ཤོས་འགན་ལེན་གྱི་འགན་ནུས་ལག་ལེན་བསྟར་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཞིང་། དམངས་སྲིད་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་རང་ཁུལ་གྱི་དམངས་སྲིད་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྐུལ་དགོས།
ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་དུ་རླངས་འཁོར་བསྐོར་ནས་མི་བསད་པའི་གྱོད་གཞིར་མཛུབ་སྟོན་གལ་ཆེན་གནང་བའི་སྙིང་དོན་སྒྲོག་སྦྱོང་དང་འབྲེལ་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་ཤིང་། སྤྱི་པའི་བདེ་འཇགས་ནི་ཆེས་གཞི་རྩའི་དམངས་འཚོ་ཡིན་པ་བློ་ལ་མཐའ་གཅིག་ཏུ་བརྟན་པོར་ངེས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་འགན་སྲུང་ཏན་ཏིག་བྱ་དགོས་པར་བསྟན།
ཚོགས་འདུར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་བྱུང་བའི་སི་ཁྲོན་ཞིང་ཆེན་གྱི་དཔེ་མཚོན་གྱོད་དཔེའི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ནས་བརྡ་ཁྱབ་བཏང་བའི་དཔེ་མཚོན་གྱོད་དཔེ་དག་ཐེར་བཅོས་སྐྱོང་བྱེད་ཚུལ་གྱི་སྙིང་དོན་བརྒྱུད་བསྒྲགས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་བྱུང་བའི་རང་ཁུལ་གྱི་ལས་དོན་གནས་ཚུལ་དང་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་ཐེར་འདོན་གྱོད་གཞི་བསྒྲུབས་ཚུལ་ལ་ཉན་པ་རེད།
ཚོགས་འདུར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་པུར་འཇུག་ཁྱབ་ཁོངས་སུ་རུལ་སུངས་ཀྱི་ཟང་ཟིང་གནས་ཚུལ་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་སྙིང་དོན་སྒྲོག་སྦྱོང་དང་། གྲོང་ཁྱེར་དང་ཐིང་རིམ་པའི་འགན་འཁུར་བློ་མཐུན་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བསྟར་བའི་དཔེ་ཀློག་འཛིན་གྲྭའི་སྙིང་དོན་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་སྙིང་དོན་བརྒྱུད་བསྒྲགས་བྱས་ཤིང་། རང་ཁུལ2024ལོའི་རྩིས་བཤེར་ལས་དོན་སྤེལ་ཚུལ་ལ་ཉན་པ་རེད།
ཚོགས་འདུར་ད་ལོའི་ཟླ་བ12པའི་ཟླ་སྟོད་དུ་ཀྲུང་གུང་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོག་རྒྱུ་ཐག་བཅད་པ་དང་། ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།
རྩོམ་སྒྲིག་པ། རྟ་མགྲིན་རྡོ་རྗེ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10