བསང་གི་མ་ཎི་རྡོ་བརྐོས་མཉམ་ལས་ཁང་གིས་ཁེ་བགོའི་མཛད་སྒོ་སྤེལ།

        2024-12-10

ཉེ་ཆར། དཀར་མཛེས་ཁུལ་སེར་ཤུལ་རྫོང་ཨ་རིག་རྫ་གྲོང་རྡལ་བསང་གི་མ་ཎི་རྡོ་བརྐོས་མཉམ་ལས་ཁང་གིས2024ལོའི་ཁེ་བགོའི་མཛད་སྒོ་སྤེལ། ཐེངས་འདིར་ཁྱོན་སྒོར་ཁྲི53བགོས་པ་དང་མཉམ་ལས་ཁང་གི་ཁོངས་མི་རེར་ཆ་སྙོམས་སྒོར13000བགོས་པ་རེད།

    2017ལོའི་ཟླ7པར་ཨ་རིག་རྫ་གྲོང་རྡལ་གྱིས་སྐབས་དེའི་གྲོང་ཚོ་དབུལ་པོ6ལ་ཁྱོན་སྒོར་ཁྲི300ཡི་ཐོན་ལས་དབུལ་སྐྱོར་མ་དངུལ་སྤྱད་དེ་བསང་གི་མ་ཎི་རྡོ་བརྐོས་མཉམ་ལས་ཁང་བཙུགས། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་སྔ་རྗེས་སུ་རོགས་སྐྱོར་མ་དངུལ་སྒོར་ཁྲི190ལྷག་ཙམ་བཏང་ནས་མཉམ་ལས་ཁང་ལ་བཟོ་ཁང་དང་སྒྲིག་ཆས་ཉོས། དུས་འགོར་མཉམ་ལས་ཁང་དུ་ཞུགས་པའི་གྲོང་མི58ཡོད། 2017ལོའི་ལོ་མཇུག་ཏུ་མཉམ་ལས་ཁང་གི་མི་རེའི་ཁེ་བགོའི་སྒོར་མོ4000ལྷག་ལ་ཟིན།  2018ལོར་ཨ་རིག་རྫ་གྲོང་རྡལ་གྱི་དུད་ཚང296གི་གྲོང་མི་ཚང་མ་མཉམ་ལས་ཁང་ནང་ཞུགས་པ་དང་ལོ་བདུན་རིང་མཉམ་ལས་ཁང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ཡན་ཟིན་པར་མ་ཟད་རྒྱུན་མཐུད་ངང་འཕར།

    མཛད་སྒོའི་ཐོག་མཉམ་ལས་ཁང་གི་འགན་འཁུར་བས2024ལོའི་གཉེར་སྐྱོང་གྲུབ་འབྲས་སྙན་སེང་ཞིབ་ཕྲ་ཞུས། བསང་གི་མ་ཎི་རྡོ་བརྐོས་དེ་ཨ་རིག་རྫ་གྲོང་རྡལ་གྱི་ཁྱད་ལྡན་རིག་གནས་ཐོན་ལས་ཤིག་ཡིན་པའི་ངོས་ནས་རྩེར་སོན་གྱི་བཟོ་རྩལ་དང་དམིགས་བསལ་གྱི་རིག་གནས་ནང་དོན་ལ་བརྟེན་ནས་ཡུལ་སྐོར་བ་དང་མང་ཚོགས་མང་པོའི་ཡིད་དབང་བཀུག་སྟེ་མི་རིགས་རིག་གནས་བརྒྱུད་འཛིན་དང་དར་སྤེལ་བཏང་བར་མ་ཟད། ས་གནས་དེ་གའི་མང་ཚོགས་ལ་ཕུན་སུམ་ཚོགས་པའི་ཕན་འབྲས་ཀྱང་ཐོབ་ཡོད།

     ཐེངས་འདིའི་ཁེ་བགོ་ཡིས་མཉམ་ལས་ཁང་གི་རྣམ་པ་བཟང་པོའི་འཕེལ་རྒྱས་མངོན་པར་མ་ཟད། ཨ་རིག་རྫ་གྲོང་རྡལ་གྱིས་རིག་གནས་ཐོན་ལས་དང་ཡུལ་སྡེ་དར་རྒྱས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐོབ་པའི་ལག་ལེན་དངོས་ཀྱི་གྲུབ་འབྲས་ཤིག་རེད། འབྱུང་འགྱུར་མཉམ་ལས་ཁང་གིས་མུ་མཐུད་དུ་འཚོལ་ཞིབ་དང་གསར་གཏོད་བྱས་ནས་རྡོ་བརྐོས་ལག་རྩལ་དང་རིག་གནས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ་བསང་གི་མ་ཎི་རྡོ་བརྐོས་སྔར་ལས་རྒྱ་ཆེ་བའི་ཁྲོམ་རར་བསྐྱོད་དེ་ས་གནས་དེ་གའི་འབྲོག་པ་མང་ཚོགས་ལ་འབབ་འཕར་ཡོང་བ་དང་རྡོ་བརྐོས་རིག་གནས་བརྒྱུད་འཛིན་དང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད།


ལོ་ཙཱ། རྟ་མགྲིན་རྡོ་རྗེ།  

རྩོམ་སྒྲིག་པ། རྟ་མེ། 


  • ལེ་ཚན་སྔོན་མ།:ད་ལོར་རང་ཁུལ་གྱིས་གཙོ་གནད་ལས་གཞིར་སྒོར་དུང་ཕྱུར391ལྷག་བཏང་ཡོད།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་སློབ་འབྲིང་གིས་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།