མཚན་གུང་གི་རྨི་ལམ།

        2025-06-30

ཡིད་ཀྱི་ཚུགས་ཀ་བོར་བ་རྒྱང་རིང་གི་ལྷ་ཚོགས།། 

ལེ་བདའ་ག་ཚད་མང་ཡང་འཆར་ཡན་ནི་སྨག་པ།། 

ལས་འཕྲོའི་ཡུན་རིང་སྒུག་པའི་དོ་ནུབ་ཀྱི་དུས་ལ།། 

སྲིད་པའི་དར་རྒུད་དེས་ཀྱང་དྲན་གསོ་རེ་བྱས་བྱུང་།། 


དེ་ནི་ཕལ་བའི་ལས་ཀྱི་ནམ་ཟླ་དང་གཅིག་ཨང་།། 

དེ་ནི་མཚན་ཕྱེད་རྨིས་པའི་རྨི་ལམ་གྱི་ཡོད་ཚད།། 

ཞི་བའི་ཐ་སྙད་རེ་དང་བས་མཐའ་རུ་འཚོ་དུས།། 

ཚིག་གི་མེ་ཏོག་དག་ཀྱང་ཉེ་འཁོར་དུ་བཞད་ཡོད།། 


བར་ཐག་དུམ་བུས་མཚོན་པའི་ང་ཉིད་ཀྱི་རྣམ་ཤེས།། 

ཚོར་འདུ་དབྱངས་ལ་ཐིམ་ཚེ་ནམ་ཟླ་དེའི་ཁྲོད་དུ།། 

ལོ་ཟླའི་འཛུམ་དང་ལྷན་དུ་དཔྱིད་ཀ་ཞིག་ཚེས་བྱུང་།། 

དེ་ནི་བསླུ་བྲིད་དབེན་པའི་མཚན་གུང་གི་རྨི་ལམ།།

རྩོམ་པ་པོ། ཁམས་འོད་གསལ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ང་དང་དཀར་མཛེས་ཁུལ་གོམ་སྟབས་གཅིག་ཏུ་མཐུན།
  • ལེ་ཚན་རྗེས་མ།:ཚིག་དུམ།