ཕྱིར་དྲན།

(བདེ་སྐྱིད་ཀྱིས་བསྒྱུར།)        2025-06-11

ནང་སེམས་ཕྱི་སྐོར་བྱས་པའི་འབབ་སྟེགས་སུ།།

བདག་སེམས་ལོ་མའི་ཚལ་གྱི་འཁྲི་ཤིང་དྲན།།

མ་བཅོས་རང་སོར་ཡལ་བའི་དྲན་འཛིན་ལ།།

ཆུང་ཆུང་དུས་ཀྱི་སྣང་བ་ཡང་ཡང་འཁོར།།

བདག་ནི་པད་མའི་འཁྲིས་ཀྱི་བུང་བ་བཞིན།།

ཁྱེད་ཀྱི་དྲི་བསུང་འཇིབ་པའི་ངལ་རྩོལ་ཡང་།།

རྒྱང་རིང་མེ་ཏོག་དམར་པོའི་རྩི་བཅུད་ཀྱང་།།

མཐོང་བའི་སྨུག་པ་རེ་ཞིག་ཞིག་པར་གྱུར།།

འདང་འདུན་རབ་ཏུ་ཆེ་བའི་ཆུང་དུས་དེར།།

ང་ཡི་སྣང་བ་མ་ལུས་རྫོགས་དུས་དེར།།

ཁྱེད་ཀྱི་སྨིན་མའི་ནག་ཚོམས་ཡག་དུས་དེར།།

ཁོ་བོའི་ནང་སེམས་རབ་ཏུ་གཙང་དུས་དེར།།

སྐད་ཅིག་རེ་ལ་མཇལ་བའི་འདས་ཟིན་དག།

ད་ལྟ་ཡང་ཡང་བསམ་ན་སྐྱོ་ཉམས་ཤིག།

ཚེ་འདིའི་རབ་ཏུ་དཀར་བའི་དུང་བ་དག།

བདག་སེམས་རྣམ་པར་དག་པས་ཁྱེད་ལ་ཕུལ།།

ཁོ་བོ་སུམ་ཅུར་སོན་པའི་དེང་དུས་འདིར།།

དགུང་ལོ་ཆུང་བའི་དུས་ཀྱི་འགྲོག་འདྲིས་དག།།

ད་ལྟ་ད་དུང་སྣང་བའི་ཕོ་བྲང་དུ།།

ཁ་སང་བྱུང་བ་ལྟ་བའི་དངོས་བྲིས་ཤིག།

ཚེ་འདིར་ལས་ཀྱིས་མཇལ་བའི་ཨུཏ་པ་ལ།།

མ་བཅོས་བདག་སེམས་གཞུ་མོར་ཡང་ཡང་འཁོར།།

ཚེ་སྨད་ཕྱིར་དྲན་ཀློང་གི་ཟློས་གར་དག།

མ་ཤི་ཕྲེང་བའི་བར་གྱི་འགྲོ་རོགས་བྱས།།

ལས་ཀྱི་ཁ་དབང་ཆེ་བའི་ཟམ་ཆེན་དུ།།

གསེར་མིག་ཉ་མོ་འདྲ་བའི་ཁྱེད་རང་མཇལ།།

མཚོ་ཆེན་ལས་ཀྱི་རི་མོ་མ་རྫོགས་ན།།

བདག་སེམས་གཙང་པོའི་བཞུར་རྒྱུན་ཆད་སྲིད་དམ།།

ཁྱེད་ཀྱི་ངག་གི་འགྱུ་བ་རེ་རེ་དང་།།

མིག་གི་དཀར་ནག་འཁྱུག་པའི་བརྡ་གླུ་དག།

ཁམས་གསུམ་བྱེ་བ་ཕྲག་བརྒྱ་བཅད་ན་ཡང་།།

དུང་སེམས་ལུ་གུའི་རྩེད་འཇོ་སྟོང་འདང་རེད།།

ཁྱེད་ཞལ་ཟླ་བའི་དཀྱིལ་འཁོར་མེད་ན་ཡང་།།

དེ་ཡི་ཆ་ལ་ཕྱོགས་པའི་མི་དེ་དག།

སྙན་ངག་མཁན་པོའི་སེམས་ཀྱི་གཙུག་རྒྱན་གྱི།།

དབྱངས་ཅན་མ་ཁྱོད་དྲན་པའི་སྒེའུ་ཁུང་ཕྱེ།།

ཚེ་སྔོན་ཧ་ཅང་འབྲེལ་བའི་ལས་ཤིག་གིས།།

དྭངས་གཙང་ཡིད་དུ་འོང་བའི་བྱིས་དུས་དེར།།

བདག་སེམས་གཏིང་ནས་བརྐུས་པའི་རྣམ་སྨིན་དེ།།

ཁྱེད་ཀྱི་སྐྱེ་བར་སྨིན་པ་མེད་པར་ཤོག།

བདག་གི་ལང་ཚོ་བརྐུས་པ་མ་མཆིས་ཀྱང་།།

ནང་སེམས་ཡུག་གཅིག་འཕྲོག་པའི་ཁྱེད་ཀྱི་ཞལ།།

སྐྱེ་ནས་སྐྱེ་བར་འཁྲེང་བ་མི་སྲིད་ཀྱང་།།

ཚེ་འདིར་ལན་ཆགས་ཤིག་གིས་དེ་ལྟར་བྱུང་།།

  • ལེ་ཚན་སྔོན་མ།:དྲུག་གཅིག་བྱིས་པ་འཛུམ་པའི་གླུ་ཆུང་།
  • ལེ་ཚན་རྗེས་མ།:མཛའ་གཅུགས་གྲོགས་ཀྱི་འདང་བརྩེ་དྲན་པ།