མཛའ་གཅུགས་གྲོགས་ཀྱི་འདང་བརྩེ་དྲན་པ།

༼ རྒུན་ཆང་།༽        2025-06-11

རྡོ་དང་སྤོ་ཐོ་སོགས་ཀྱིས་ཁང་ཆུང་རེ་བསྐྲུན་ཅིང་། །

སྤང་ཐང་མེ་ཏོག་བཏུས་ཏེ་མེ་ཞྭ་ཡང་བསླས་ལ། །

རྡེའུ་ཆེ་ཆུང་དུ་མས་སྒོ་ཕྱུགས་ཀྱང་བཟོས་ཏེ། །

གླང་མ་ཅང་ཤེས་བྱེད་པའི་ངང་ཚུལ་དེ་དྲན་ནོ། །

སྣང་བ་ཕུ་ཆུ་མངར་མོའི་ངང་མདངས་ནི་གསལ་ལ། །

ཉོན་སྒྲིབ་ན་བུན་དབེན་པའི་ཞོ་འཐུང་གི་སེམས་པ། །

གཡའ་དྭགས་སྔོ་སངས་རྒྱལ་མོའི་བཞིན་རས་ལ་འགྲན་ཏེ། །

ཉིན་ཞག་བརྩེ་དགོད་གཡེང་བས་བསྐྱལ་ཚུལ་དེ་དྲན་ནོ། །

མངར་ཁ་ཅི་འབྱུང་མ་ངེས་བདེ་སྡུག་གི་བཟའ་བ། །

བཟང་ངན་ཅི་ཡང་མི་ཤེས་མི་ཚོགས་ཀྱི་ངོ་གདོང་། །

གོམ་པ་གང་རེ་གང་རེ་འཚོ་བ་ལ་ཕྱོགས་དུས། །

གྲོགས་ཞེས་ཐ་སྙད་གདགས་སའི་ཐོག་མ་ཁྱེད་དྲན་ནོ། །

བྱམས་ལྡན་ཡབ་ཡུམ་ཟུང་གི་སྐུ་དྲིན་གྱིས་མཐུ་ལས། །

བློས་ཐུབ་གྲོགས་ཁྱེད་འུ་གཉིས་སློབ་གླིང་གི་ཚལ་ནས། །

དབྱངས་གསལ་གསེར་གྱི་སྒོ་མོ་དལ་བུ་རུ་ཕྱེས་ཏེ། །

རྨོངས་གྲོལ་ཉི་གཞོན་བསུ་བའི་ལོ་ཟླ་དག་དྲན་ནོ། །

རྒན་གྱི་བསླབ་བྱ་སྡིགས་མོའི་ངོ་བོ་རུ་མཐོང་ལ། །

སློབ་གྲོགས་གཞན་གྱི་བརྙས་བཅོས་ཕྲག་ཐོག་ཏུ་རེག་དུས། །

ཕ་ཡུལ་ཕ་མ་དྲན་ཏེ་ངུ་སྔང་རང་ཤོར་བ། །

མིག་ཆུ་ཕྲེང་ཐག་དཀར་པོ་འཐོར་ཡ་ཁྱེད་དྲན་ནོ། །

རང་རྒྱལ་གཞན་ཕམ་རྩོད་པའི་ངལ་བ་ལས་བྱུང་བའི། །

ཟ་ཉལ་ལྟོ་འབུ་དག་གི་འབྱོ་བ་རང་མེད་ཀྱང་། །

སྒོར་རྡོག་བཞི་ལྔ་དབང་བའི་དུས་ཚིགས་རེ་ཐོན་ཚེ། །

ལྔ་བདག་སྟབས་བདེ་ཐུག་པ་རོལ་ཚུལ་དེ་དྲན་ནོ། །

ལོ་བསྙལ་ཟླ་བསྙལ་བྱས་པའི་གྲུབ་འབྲས་ལས་ཐོན་པའི། །

རྒུན་ཆང་འབྲས་ཆང་རྣམས་ཀྱི་བཟི་ཁ་འདྲ་མེད་ཀྱང་། །

མངར་ཆུ་ཇ་ལྗང་དམ་བེ་ལག་སོན་རེ་བྱུང་ཚེ། །

ཤེལ་ཕོར་ཤེལ་ཕོར་གཏུག་པའི་མཆོད་གསོལ་དེ་དྲན་ནོ། །

རི་ཐང་ཡུལ་ལུང་ཀུན་པོ་ཁ་བ་ཡིས་གཡོགས་ཏེ། །

དྲག་རླུང་ཉིན་མཚན་ལྡང་བའི་དགུན་ཚིགས་ཀྱི་ཁྲོད་ནས། །

རི་གྲོང་ཁྱིམ་མཚེས་དག་གི་བེའུ་ལུག་རྣམས་འཚོས་ཏེ། །

རྩེད་མཚར་ཅི་ཡང་མྱོང་བའི་སྣང་བརྙན་དག་དྲན་ནོ། །

ས་ཆེན་དྲོད་ཁོལ་རྒྱས་ཏེ་སྐྱེ་དངོས་རིགས་བཀྲ་ལ། །

བུང་བ་འཕུར་ལྡིང་གཡོ་བའི་སོས་ཀ་ཡི་དཔལ་ཡོན། །

རི་ལ་དབྱར་རྩྭ་རྐོ་བར་ལྷན་གཅིག་ཏུ་འཛོམས་ཚེ། །

གླེང་མོས་དུས་ཚོད་འདའ་བའི་ཉི་མ་ཡང་དྲན་ནོ། །

ཆར་པ་ཟམ་ཟིམ་སྐྱེ་དངོས་བཅུད་བྱེད་དུ་བབས་ཏེ། །

གསུང་སྙན་ཁུ་ལོའི་དབྱངས་རྟ་ཚང་ཚིང་ནས་སྒྲོག་དུས། །

དབྱར་གྱི་བདེ་དགའ་རོལ་བཞིན་ཕྱུགས་རྗེས་སུ་བསྙེགས་ཏེ། །

རྫི་གླུ་ཐར་ཐོར་འགུག་པའི་སྣང་སྐྱིད་ཁྱེད་དྲན་ནོ། །

སྤྲིན་པ་ལང་ལོང་མཁའ་དབྱིངས་གང་ས་རུ་རྒྱུ་ཞིང་། །

དགུན་ཟླ་བསུ་བར་སུན་འདྲའི་སྟོན་དུས་ཀྱི་མི་ཚོགས། །

སོ་ནམ་ལས་ལ་བྲེལ་བའི་ངལ་བ་དེའི་ཁྲོད་ནས། །

ཞིང་ཁའི་སྙེ་མ་ལྟ་བུ་གྲོགས་གཅེས་ཁྱེད་དྲན་ནོ། །

མདོར་ན་དགའ་ཡ་སྡུག་གྲོགས་སྙིང་ཁོང་གི་ཚིལ་ལུ། །

འཁོར་བའི་བྱེ་ཐང་བརྒལ་རོགས་རྟ་ཕོ་དེ་ཁྱེད་ཡིན། །

འདས་ཟིན་འཇའ་ཡི་རི་མོ་ཟིན་པ་དེ་མེད་ཀྱང་། །

འདས་དོན་སྣང་བའི་མཁའ་རུ་འདབ་ཆགས་སུ་བརྫུས་བྱུང་། །

ཞལ་རས་གོར་གོར་མ་མཇལ་བགྲང་བྱ་གཉིས་འགོར་སོང་། །

ཞལ་གསུང་དྲོན་མོ་མ་ཐོས་ཉིན་ཞག་གིས་ཆོད་ཡོད། །

ཏིང་འཛིན་ཟས་སུ་རོལ་བའི་དབེན་གནས་པའི་འཚོ་བ། །

བག་ཕེབས་བདེ་དགའ་འབྱུང་བའི་གཞི་མ་དེ་ལགས་སམ། །

གྱེས་བྲལ་ཁ་ཡིག་རི་མོས་གང་བཀོད་ཅིག་འདུག་ཀྱང་། །

སེམས་དང་སེམས་པར་མཐུན་པའི་མཛའ་དུང་འདི་ལྡན་ཚེ། །

འཕྲལ་གྱི་གེགས་ཚོགས་ཙམ་གྱིས་བར་ཆོད་དེ་དབེན་པས། །

ནམ་ཞིག་མཇལ་མཛོམས་ཉི་མའི་དཀྱིལ་འཁོར་དེ་ཚེས་ངེས། །

གང་གི་ཁྲེལ་གཞུང་ཕྱི་ཐག་གཙང་པོ་ཡི་རླབས་རྒྱུན། །

ཐ་སྙད་ཚིག་ཚོགས་འགའ་ཡིས་མཚོན་ནུས་ཤིག་མིན་ཡང་། །

ཧ་ཅང་གྲོགས་ཁྱེད་དྲན་པའི་ན་ཟུག་དེ་ལྕི་བས། །

དྲན་གདུང་རི་མོར་མི་ཕབ་རང་དབང་ཞིག་དབེན་སོང་། །


  • ལེ་ཚན་སྔོན་མ།:ཕྱིར་དྲན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།