ལྷད་མེད་ཀྱི་བརྩེ་བ་ཟབ་མོས་མི་རིགས་མཐུན་སྒྲིལ་དང་ ཡུལ་སྡེ་དར་རྒྱས་ཀྱི་ཕུགས་འདུན་བསྐྲུན།

རྟ་མགྲིན་རྡོ་རྗེས་བསྒྱུར།        2025-06-12

གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་བོད་རིགས་བུ་མོ་གཉིས་ཀྱིས་དུས་རབས་གསར་པའི《དར་མདོའི་མཛའ་གཞས》བླངས།

ལྷད་མེད་ཀྱི་བརྩེ་བ་ཟབ་མོས་མི་རིགས་མཐུན་སྒྲིལ་དང་ ཡུལ་སྡེ་དར་རྒྱས་ཀྱི་ཕུགས་འདུན་བསྐྲུན།

ཏའེ་ཆིང་ཧའེ་ཁྱིམ་ཚང་གང་པོའི་མཉམ་པར།


《དར་མདོའི་མཛའ་གཞས》ནི་འཛམ་གླིང་དུ་སྐད་གྲགས་ཆོད་པའི་ཀྲུང་གོའི་དམངས་གཞས་ཤིག་ཡིན་ལ།“རྒྱ་བོད་ཁྱིམ་ཚང་གཅིག་གི”གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། ས་ཆེན་འདི་ནས་དུས་རབས་གསར་པའི《དར་མདོའི་མཛའ་གཞས》སྔར་བཞིན་སྤེལ་ལེན་བྱེད་བཞིན་ཡོད།

དཔྱིད་དུས་ཀྱི་དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་མི་ལུང་གྲོང་སྡེར་ཉི་མའི་འོད་ཟེར་ལམ་ལམ་དུ་འཕྲོས་ཤིང་། སྡེ་མི་ཚོས་ཞིང་ས་གྲུ་བཞིར་སོ་ནམ་གྱི་ལས་ལ་བྲེལ་ནས་དཔྱིད་རྨོ་ལ་གྲ་སྒྲིག་བྱེད་བཞིན་ཡོད། སི་ཁྲོན་ཏ་ཀྲོའུ་ནས་ཡིན་པའི་གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོ་ཏའེ་ཆིང་ཧའེ་ཡི་ལུས་སུ་ལྭ་བ་ཧྲུལ་པོ་གྱོན་ནས་ཞིང་དུད་དབར་འགྲོ་འོང་བྱེད་བཞིན་འདུག།

གྲོང་སྡེའི་ཁྱིམ་ཚང་ཞིག་གི་སྒོ་རའི་ནང་དུ་ཟླ་ངོ་གཅིག་ལོན་པའི་ཕྲུ་གུ་ཞིག་ཐུལ་ཞོའི་ནང་དུ་གཉིད་དུ་ཡུར་འདུག། འདི་ནི་ཏའེ་ཆིང་ཧའེ་དང་པད་མ་སྒྲོལ་དཀར་གཉིས་ཀྱི་བྱིས་པ་ཡིན་ལ། ཁོ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་དེ་སྐད་ཆ་དང་རིག་གནས། ས་ཁོངས་བཅས་ཀྱིས་ཚོད་འཛིན་མ་ཐེབས་པར་མི་རིགས་མཐུན་སྒྲིལ་དང་ཡུལ་སྡེ་དར་རྒྱས་ཀྱི་དུས་རབས་གསར་པའི་མཉམ་སྒྲོག་རོལ་དབྱངས་ཤིག་བཀྲོལ་བ་རེད།

མི་དམངས་ལ་ཞབས་འདེགས་ཞུ་བར་བོད་སྐད་དང་བོད་ཡིག་བསླབ།

2023ལོའི་དཔྱིད་ཀར། དར་མདོ་གྲོང་ཁྱེར་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཅུས་སུ་ལས་འགན་འཁུར་བཞིན་པའི་ཏའེ་ཆིང་ཧའེ་མི་ལུང་གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོར་མངགས་པ་རེད། ཁོས་སྐབས་དེར་ཧྲུའུ་ཅི་དང་པོ་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད། དེའི་རྒྱུ་མཚན་ནི་ངའི་སེམས་སུ་ཧྲུའུ་ཅི་དང་པོ་ནི་མི་ཕུལ་བྱུང་ཅན་ཤ་སྟག་ཡིན་ལ་ངའི་ཉེ་འཁོར་གྱི་གྲོགས་པོ་ཁ་ཤས་ཀྱིས་ཧྲུའུ་ཅི་དང་པོ་བྱེད་མྱོང་ཡོད་ཅེས་བཤད། རྒྱ་རིགས་གཞོན་ནུ་འདིས་ལས་སྒྲུབ་དང་ལས་གཏོད་ཀྱི་སྤྲོ་སེམས་དང་མཐོ་སྒང་གི་གཞི་རིམ་ལས་དོན་ལ་བློ་སྨོན་བཅངས་ནས་མི་ལུང་གྲོང་སྡེར་སོང་ནས་ཡུལ་སྡེ་དར་རྒྱས་ཡོང་བར་འབད་འཐབ་བྱས།

འོན་ཀྱང་། དངོས་ཡོད་གནས་ཚུལ་དེ་བསམ་ཡུལ་ལས་འདས་པ་ཞིག་རེད། མི་ལུང་གྲོང་སྡེར་ཐོག་མར་སླེབས་སྐབས་སྐད་བརྡ་མི་འཕྲོད་པ་དང་གོམས་སྲོལ་མི་འདྲ་བ་ནི་ཏའེ་ཆིང་ཧའེ་ཡིས་ལས་དོན་སྤེལ་བའི་གནད་འགག་དང་པོར་གྱུར། འདི་འདྲའི་དཀའ་ཁག་གི་མདུན་དུ་ཁོས་ཕྱིར་བཀྱེད་མ་བྱས་པར་གྲོང་སྡེ་དང་སྡེ་མིའི་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་དེ་གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་འགན་ཐོག་མར་བརྩིས་པ་རེད། ཉིན་རྒྱུན་ཞོགས་པར་ཁོ་གྲོང་སྡེའི་ནང་དུ་སོང་ནས་གྲོང་སྡེའི་ལས་བྱེད་པའི་ཟུར་ནས་གྲོང་སྡེའི་གནས་ཚུལ་རྒྱུས་ལོན་དང་རྒྱུན་སྤྱོད་ཀྱི་བོད་སྐད་ལ་སློབ་སྦྱོང་བྱས་ཏེ་ཟིན་བྲིས་སུ་ཕབ། ཐོག་མར་སློབ་སྐབས་སྐད་གདངས་མ་དག་རྐྱེན་སྡེ་མི་རྣམས་ཀྱིས་ཁྲེལ་དགོད་བྱས་ཀྱང་ལྷག་བསམ་དང་འབད་བརྩོན་བྱས་པ་བརྒྱུད་རིམ་བཞིན་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་རེད།

ཐེངས་ཤིག་འཕྲད་འདྲིར་འགྲོ་སྐབས། ལོ་ན་བཅུ་དྲུག་ལོན་པའི་ན་གཞོན་ངག་དབང་ཀུན་དགའ་ཡིས་ཏའེ་ཆིང་ཧའེ་ཁྱིམ་དུ་མགྲོན་ལ་བོས་པ་རེད། ཁ་བརྡ་བྱེད་སྐབས་བུད་མེད་ཅིག་གིས་རང་འགུལ་ངང་ཁྱོད་བདེ་མོ། ངའི་མིང་ལ་པད་མ་སྒྲོལ་དཀར་ཟེར། ཚང་མས་ང་ལ‘སྒྲོལ་དཀར་ཆུང་བ’ཟེར། ཁྱེད་ཀྱིས་ཀྱང་ང་ལ་འདི་ལྟར་བོས་ཆོག་ཅེས་འཚམས་འདྲི་བྱས། མོས་བག་ཡངས་སྒོས་རང་ཉིད་ཀྱི་འབྲེལ་གཏུག་བྱེད་སྟངས་ཏའེ་ཆིང་ཧའེ་ལ་སྟེར། འདི་འདྲིའི་སྤྱིར་བཏང་གི་ཐུག་འཕྲད་ཁྲོད་ནས་བརྩེ་དུང་གི་གཏམ་རྒྱུད་གསོན་པོ་ཤིག་འབྱུང་བ་སུ་ཡིས་རྟོགས།

དད་མོས་དང་ཕུགས་འདུན་གཅིག་པས་བརྩེ་དུང་གི་འབྲས་བུ་སྨིན།

པད་མ་སྒྲོལ་དཀར་ནི་བློ་སེམས་དཀར་ལ་རྣམ་དཔྱོད་ལྡན་པའི་བུད་མེད་ཅིག་ཡིན་ཞིང་། རྟག་ཏུ་གྲོང་སྡེའི་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས། གཙང་སྦྲ་དང་དབང་པོ་སྐྱོན་ཅན་ལ་ལྟ་སྐྱོང་། རི་སྐོར་ནགས་སྲུང་སོགས་ཀྱི་འོས་འགན་བྱེད་སྒོ་མང་པོར་ཞུགས། 2024ལོའི་སྤྱི་ཟླ4པར། པད་མ་སྒྲོལ་དཀར་གྱིས་བློ་སྟོབས་ཆེན་པོས་ཨ་ཕར་རང་ཉིད་ཏང་ནང་ཞུགས་པའི་རེ་འདུན་བཤད་པ་རེད། ཨ་ཕ་ཕུན་ཚོགས་དགྲ་འདུལ་གྱིས་ཐོས་རྗེས་དགའ་སྤྲོ་ཆེན་པོས་བུ་མོར་ཏའེ་ཆིང་ཧའེ་ལ་ཐད་ཀར་འབྲེལ་གཏུག་བྱ་རྒྱུའི་སྐུལ་ལྕག་བྱས།

ཡུན་རིང་མ་འགོར་བར་པད་མ་སྒྲོལ་དཀར་གྱིས་ཏའེ་ཆིང་ཧའེ་ལ་ཁ་པར་བཏང་ནས་ཏའེ་ཧྲུའུ་ཅི་ལགས། ང་རང་ཏང་ནང་ཞུགས་ནས་ཁྱོད་ཚོ་དང་མཉམ་དུ་གྲོང་སྡེའི་ཆེད་དུ་བྱ་བ་སྒྲུབ་འདོད་ཡོད་ཅེས་བཤད། སྐབས་དེར་ཏའེ་ཆིང་ཧའེ་ལ་བུ་མོ་དེའི་ཕུགས་འདུན་གྱིས་སེམས་འགུལ་ཐེབས་པ་རེད། ཁོས་སྐབས་དེར་པད་མ་སྒྲོལ་དཀར་ནི་ཕུགས་འདུན་ཅན་དང་ཁྱད་པར་ཅན་ཞིག་ཡིན་པ་ཤེས་པས་སེམས་གཏིང་ནས་མོར་ཡིད་སྨོན་སྐྱེས་སོང་ཞེས་བཤད།

དེ་རྗེས་ཁོ་གཉིས་ཀྱིས་ཁ་བརྡ་དང་བསམ་བློ་བརྗེས་རེས་ཡང་ཡང་བྱས། ཏའེ་ཆིང་ཧའེ་ཡིས་པད་མ་སྒྲོལ་དཀར་ལ་ཏང་གི་ཤེས་བྱ་སློབ་སྦྱོང་བྱེད་པར་མཛུབ་ཁྲིད་དང་གུང་ཁྲན་ཏང་མི་ཕུལ་བྱུང་མང་པོའི་བྱས་རྗེས་བཤད། ད་དུང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་པ་དང་ཏང་ནང་དུ་ཞུགས་པར་གྲ་སྒྲིག་བྱ་རྒྱུར་ལྕག་སྐུལ་བྱས། དེ་མིན་རིག་གནས་ཡུལ་སྐོར་ཐད་ཀྱི་ཤེས་བྱ་གསར་པ་མཉམ་སྤྱོད་དང་དཔེ་ཆ་འགའ་ཡང་ངོ་སྤྲོད་བྱས། པད་མ་སྒྲོལ་དཀར་གྱིས་ལས་ཀ་དང་འཚོ་བའི་ཐད་ཏའེ་ཆིང་ཧའེ་ལ་རོགས་རམ་མང་པོ་བྱས་ནས་ཁོའི་ལོ་ཙཱ་བར་གྱུར། ཏའེ་ཆིང་ཧའེ་ལ་རྒྱུན་སྤྱོད་ཀྱི་བོད་སྐད་ཁྲིད་པ་དང་། གྲོང་སྡེའི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ངོ་སྤྲོད་བྱས་ནས་ལས་དོན་སྤེལ་བར་རམ་འདེགས་བྱས་པ་རེད།

དེ་ལྟར་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཁོང་གཉིས་ཀྱི་བརྩེ་དུང་གི་ས་བོན་ལ་མྱུ་གུ་འབུས་ཤིང་། 2024ལོའི་སྤྱི4པའི་ནང་དུ་ཏའེ་

ཆིང་ཧའེ་དང་པད་མ་སྒྲོལ་དཀར་གཉིས་ཀྱིས་དར་མདོ་གྲོང་ཁྱེར་དམངས་སྲིད་ཅུས་ནས་གཉེན་སྒྲིག་ལག་ཁྱེར་བླངས་ནས་བཟའ་ཟླར་གྱུར་པ་རེད།

འབད་བརྩོན་གྱི་ལག་གདང་སྦྲེལ་ནས་འཕེལ་རྒྱས་ཀྱི་ལེའུ་བྲིས།

གཉེན་སྒྲིག་བྱས་ནས་ཡུན་རིང་མ་འགོར་བར་ཁོ་གཉིས་ལ་བུ་ཕྲུག་ཏའེ་ཧའོ་ཡུས་སྐྱེས་པས་ཁྱིམ་ཚང་བདེ་སྐྱིད་ལྡན་པ་དང་ཏའེ་ཆིང་ཧའེ་ཡིས་མི་ལུང་གྲོང་སྡེར་བཅངས་པའི་བརྩེ་སེམས་ཟབ་ཏུ་ཕྱིན། ཁོས་སྡེ་མི་ཚང་མས་ང་ལ‘མག་པ་ཆུང་ཆུང’ཞེས་འབོད་ཀྱི་ཡོད། དེ་ནི་བྱམས་བརྩེའི་འབོད་ཚུལ་ཞིག་ཡིན་ལ་ཡིད་རྟོན་ཞིག་ཀྱང་ཡིན། ད་ལྟ་ང་ཡང་གྲོང་སྡེ་འདིའི་མི་ཞིག་ཡིན་པས་རང་ཉིད་ཀྱི་ཕ་ཡུལ་འཛུགས་སྐྲུན་བྱེད་རྒྱུ་ནི་ངའི་འགན་འཁྲི་ཡིན་ཞེས་བཤད།

འགག་པ་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་ཀུན་དགའ་རིན་ཆེན་གྱིས་ཉེ་བའི་ལོ་ཤས་རིང་། དར་མདོ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་གནད་དུ་འཛིན་པ་མཐའ་འཁྱོངས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་ཡུལ་སྡེ་དར་རྒྱས་གཏོང་བར་ནུས་ལྡན་གྱི་འབྲེལ་མཐུད་ཐད་མུ་མཐུད་འབད་བརྩོན་བྱས་ནས་སྔོན་ཐོན་མི་སྣ་དང་མི་སེམས་འགུལ་བའི་གཏམ་རྒྱུད་ཁག་གཅིག་ཐོན་ཡོད། ཁོ་བཟའ་ཟླ་གཉིས་ནི་ང་ཚོའི་ཡུལ་ཤོག་གི་ཕན་ཚུན་བར་དུ་མཛའ་བརྩེ་དང་རོགས་རེས་བྱས་པའི་དཔེ་མཚོན་ཞིག་རེད། ཁོ་གཉིས་ཀྱིས་སྲིད་ཇུས་དྲིལ་བསྒྲགས་དང་ལས་དོན་དོན་འཁྱོལ་བྱེད་པའི་ཁྲོད་ཕན་ཚུན་གཞོགས་འདེགས་བྱས་ནས་མི་ལུང་གྲོང་སྡེ་འཕེལ་རྒྱས་སྐུལ་འདེད་གཏོང་བའི་ལས་དོན་ནང་མཉམ་དུ་ཞུགས་པ་རེད་ཅེས་གདེང་འཇོག་བྱས།

ཏའེ་ཆིང་ཧའེ་ཡིས་ལྷག་བསམ་ཟོལ་མེད་ངང་བློས་གཏོང་བྱས་པ་དེས་བརྩེ་དུང་དང་བྱ་གཞག་གཉིས་ཀྱི་གྲུབ་འབྲས་ཐོབ་པ་རེད། གྲུབ་འབྲས་བཟང་པོ་དེ་ནི་སྔོན་བསྐོས་ཀྱི་ལས་དབང་ཞིག་ཡིན་ལ་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཀྱང་ཡིན་པས་གཞི་རིམ་དུ་རྩ་བ་ཚུགས་ཤིང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཛད་མེད་ཀྱི་སྒུལ་ཤུགས་སུ་གྱུར་ཡོད།

ཇི་ལྟར་བྱས་ནས་མི་ལུང་གྲོང་སྡེའི་ཁྱད་ཆོས་དང་ས་གནས་ཀྱི་གནས་ཚུལ་ལ་གཞིགས་ནས་ཐོན་ལས་འཕེལ་རྒྱས་དང་སྡེ་མི་འབབ་འཕར་བྱུང་ནས་ཕྱུག་པོར་འགྱུར་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ནི་ཏའེ་ཆིང་ཧའེ་ཡིས་ཐོག་མཐའ་བར་གསུམ་དུ་བསམ་གཞིག་བྱེད་པའི་གནད་དོན་ཞིག་རེད། ཆུང་མར་ཉིན་རེ་བཞིན་རྒྱུས་ལོན་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། ཁོས་ཆུང་མ་པད་མ་སྒྲོལ་དཀར་ནི་ཡིད་ཆེས་ཡོད་ལ་གཏམ་བཤད་ལ་མཁས་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་བས་ཁྱད་ཆོས་འདི་དག་ནི་ཡུལ་སྡེ་ཡུལ་སྐོར་གྱི“ངོ་སྤྲོད་བྱེད་མཁན”དང་ཧ་ཅང་འཚམ་པོ་ཡོད། དེར་བརྟེན་བཟའ་ཟླ་གཉིས་ཀྱིས་མི་ལུང་གྲོང་སྡེའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏང་བར་བརྙན་ཐུང་ལས་སྟེགས་བརྒྱུད་གྲོང་སྡེའི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་དྲིལ་བསྒྲགས་བྱས་ཏེ་ཡུལ་སྐོར་བ་དེ་བས་མང་བ་བཀུགས་ནས་གྲོང་སྡེ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:སྨྲ་བའི་གཏམ་ལ་དབང་འབྱོར་བའི་གཏམ་པ་ཞིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།