སྐད་ཡིག་སློབ་ཁྲིད་ཁྲོད་ཀྱི་སྐྱོ་ངལ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2025-06-13

དྲང་མོ་བཤད་ན་དོན་དང་ལྡན་པའི་རྒན་མིང་འཛིན་རྒྱུ་ཁག་པོ་རེད། དགེ་རྒན་ནི་སུ་བྱུང་བྱུང་གིས་ནུས་པ་ཞིག་མིན།དེ་ལ་ཡང་ལྷག་བསམ་གཙང་མའི་གཞི་བྱས། སྤྱོད་ལམ་མཛེས་པའི་སྤང་ག་རུ་ཡོན་ཏན་གྱི་མེ་ཏོག་ལྷུག་ལྷུག་ཏུ་དགོད་པ་ཞིག་དགོས་ཀྱི། ཁོ་བོ་ལ་དེ་འདྲ་བའི་ཁྱད་ཆོས་ཀུན་ནས་རྫོགས་མེད་རུང་། ཕ་མ་ཚོས་བློ་གཏད་ལིང་བཅོལ་གྱིས་ཕྲུ་གུ་སློབ་གྲྭར་མངགས་པས། བྱ་མོས་སྒོ་ང་གསོ་གསོ་བྱེད་མ་ཐུབ་ཀྱང་བཅོལ་བའི་ནོར་བཞིན་དང་དོད་མ་བྱས་པར་སྣང་མེད་དུ་བཞག་སྟེ། བློས་གྲོད་པར་བཀལ། གྲོད་པས་ཆུ་གློད་པའི་དཔེ་ཟླར་གྱུར་ན་ཤིན་ཏུ་མི་འོས་པས། ཕྲུ་གུའི་བོད་ཡིག་གི་ཡོན་ཚད་འཕེལ་ཐབས་སུ་ངས་རྒྱུན་པར་སློབ་ཁྲིད་ཀྱི་ཞོར་དུ་ཁ་བྱང་གཏན་ཁེལ་མ་བྱས་པར་ཁོ་ཚོར་རྩོམ་ཡིག་འབྲི་རུ་འཇུག་པ་ཡིན།

དེ་རིང་སློབ་ཐུན་གཅིག་ཡུན་ལ་ལོ་རིམ་ལྔ་པ་དག་གིས་རྩོམ་ཡིག་ཤོག་ངོས་ཕྱེད་ཙམ་ལས་འབྲི་རྒྱུ་རྦད་དེ་ཟད་ནས། ཨུ་ཚུགས་ཀྱིས་བསྐུལ་ན་ཁ་བྱང་བརྗེས་ཏེ་གཞན་ཞིག་གི་འགོ་རྩོམ་གྱིན་འདུག། ཅིག་གིས་མོའི་ཨ་ཅེ་མཛེས་སྤྲས་ལ་དགའ་ཞིང་འབྱུག་དུས་ཞིབ་ཚགས་དང་ལྡན་པ་ཞིག་ཡོད་ཟེར་རྒྱུ་ལ། མོས་ཞིབ་ཚགས་ཡིད་ལ་མ་དྲན་པར་རྒན་ལགས་''细致''བོད་སྐད་དུ་ག་འདྲ་འབྲི་དགོས་ཟེར།ཡང་གཞན་ཞིག་གིས་ཨ་མ་འབྲི་བཞིན་འདུག་མོད། "造-反"ཟེར་ན་བོད་སྐད་ལ་ག་རེ་རེད་ཟེར། སྤྱིར་གྱེན་ལོག་གི་དོན་ཡིན་མོད། ངས་རང་གི་ཕ་མ་གྱེན་ལོག་བྱས་ཟེར་སྲོལ་མེད་པས། ངོ་རྒོལ་ཞེས་ལབ།

ཁོ་ཚོའི་འདང་རྒྱག་སྟངས་དེ་ངོ་མ་ཁྱད་མཚར་བ་ལ་ཨང་། རང་ཉིད་བློ་མོས་ཡིད་སྤྲོའི་ངང་ར་བའི་ནང་དུ་བཅུག་སྟེ་སྒོ་བཅད་པ་དང་འདྲ་མོ་འདུག། ཁོ་ཚོས་རྒྱ་ཡིག་གི་ཐ་སྙད་ཀྱི་ནགས་ཀློང་དུ་འཛུལ་རྐྱང་བགྱིས་ཏེ་ཁ་བྱང་རྣ་བྱང་དུ་སོང་བའི་མར་རྩམ་གྱི་དྲི་ངད་ལྡང་བའི་ཕ་སྐད་དག་ཞེ་ལ་འཁོར་གྱིན་མེད་པ་འདྲ།

ཁོ་ཚོའི་རྒྱ་ཡིག་གི་རྩོམ་དག་ལ་བལྟས་ན་ཚིག་གི་འཕྱོར་ལྭ་ཡག་ཅིང་ཡིག་ནོར་བཙལ་ཀྱང་མི་རྙེད་པའི་ཚོད་དུ་འདུག། བོད་ཡིག་གི་རྩོམ་དུ་ཞལ་རས་དཀར་གསལ། དབུ་སྐྲ་སི་ལིང་སོགས་ཆུང་ནས་ཡིད་འཇགས་རྣ་ཐོས་བྱུང་བའི་ཚིག་སྦྱོར་གྱིས་མཛེས་རྒྱན་ཅུང་ཟད་སྤྲས་འདུག་པ་ལས། དེ་དག་བླངས་ཤུལ་ན་ཡིག་ནོར་ཟང་ངེ་ཟིང་ངེར་མིག་ཁར་ཟུག་འོང་བ་དང་ལྷན་དུ་བརྩམས་ཆོས་འདི་གཉིས་མི་གཅིག་གིས་བྲིས་པ་ཡིན་མིན་ལ་དོགས་པ་སློང་ཡོང་། ཁོ་ཚོས་དཔེ་ཀློག་ཁྲོད་ནས་རྙེད་པའི་ཚིག་སྦྱོར་འདི་ཡིན་སྙམ་པ་ཧ་ལམ་མི་འདུག། ཐ་ན་ཚིག་རྒྱན་གྱིས་མ་བཅིངས་པའི་བོད་སྐད་དག་མ་ཞིག་ཀྱང་ཤོག་དཀར་ངོས་སུ་འབྲུ་དག་ཅིང་གཟུགས་མཛེས་པའི་ཉམས་དང་བཅས་ཀློག་པ་པོའི་མིག་གི་གསོས་སྨན་དུ་བསྟར་རྒྱུ་ནི། ནན་གྱིས་བསྐུལ་ཅིང་བཙིར་དུ་མ་བཅུག་ན་ཕལ་ཆེར་ཁག་ཙམ་གདའ། ད་ནི་ང་ལ་སྒུག་ལོང་ཡོད་ཀྱང་དུས་ཚོད་ཀྱིས་ཁོ་ཚོ་ལ་འབོད་ཀྱིན་འདུག་པས་མི་གཏོང་ཀ་མེད་རེད།

ཕྱི་དྲོར་ལོ་རིམ་དམའ་མོ་དག་ལ་བོད་ཡིག་ཀློག་སྟངས་དང་ཡིག་གཟུགས་བསླབ་དགོས། ཁོ་ཚོར་གཞན་ལས་ཀྱང་ཤ་ཚ་ཞིང་ང་རང་ཡང་དུས་རྒྱུན་ལས་ངལ་བ་ཞིག་འདུག་སྟེ། ཚར་བཅུ་གྲངས་བསླབས་ཀྱང་ད་དུང་ལྷ་ས་སླ་ས་རུ་འདོན་མཁན་གྱི་སློབ་མ་དེ་འདྲ་འཛིན་གྲྭ་འདིར་མེད་པས། ང་ལ་མཚོན་ན་ཕྱི་དྲོའི་སློབ་ཁྲིད་ནི་ཡིག་མགོ་སླའོ་ཞེས་པའིངང་ཚུལ་ལས་མ་འདས། སློབ་མར་ཀློག་སྟངས་གང་ལ་གང་འཚམ་ཞིག་བསླབས་རྗེས་ངས་ཁོ་ཚོར་གཟའ་འཁོར་གང་ཡིན་ཤེས་སུ་འཇུག་འདོད། ཅིའི་ཕྱིར་ཞེ་ན། ཁོ་ཚོའི་ཁ་བརྡའི་ནང་དུ་ཤིང་ཆི་ཅིག་ཅིག་ཟེར་བ་ལས་གཟའ་ཡི་མིང་ནས་འབོད་པ་ཕལ་ཆེར་ཐོས་རྒྱུ་མེད་པ་དང་གཅིག། གཉིས་སུ་ཁ་སང་སློབ་མ་ཞིག་གིས་མོས་ནང་དུ་གཟའ་གང་ཡིན་མ་ཤེས་པར་ཨ་ནེའི་ཁ་རྡུང་མྱངས་པའི་སྐོར་བྲིས་འདུག་པས། ངས་ཀྱང་གཟའ་བདུན་པོ་བློ་ལ་འཛིན་བདེ་བའི་ཕྱིར་ནག་པང་དུ་ཚིགས་བཅད་ཀྱི་རྣམ་པར་བྲིས་ནས་བློ་ལ་འཛིན་དུ་བཅུག་པ་ཡིན།

ནམ་ཞིག་གི་ཚེ། ཁོ་ཚོ་ཡང་དགེ་རྒན་དུ་འགྱུར་ཚེ་གཟའ་འཁོར་ཞེས་པའི་ཚིག་འདི་ད་དུང་ཡང་ཁོ་ཚོའི་ཁ་བརྡའི་ནང་ནས་རྙེད་ཡོད་སྲིད་དམ།


  • ལེ་ཚན་སྔོན་མ།:དྲུག་གཅིག་དང་འབྲེལ་བའི་འཆར་ཡན་ཐུང་ངུ།
  • ལེ་ཚན་རྗེས་མ།:བདེ་སྐྱིད་ཀྱི་གསང་གྲངས།