ཁམས་ཟླ་སྲས། 2024-12-27
ཡིད་ལ་ཇི་བཞིན་གཟིགས་པ་ཡི། །
དེད་དཔོན་ལྷ་ཡི་མོ་གཞོན་གྱིས། །
དད་པའི་ཟེ་བ་རེག་གྱུར་ཅིག །
ཤར་ཕྱོགས་ཆུ་འཛིན་འཁྲིགས་པའི་བྱང་ལམ་ལ། །
དགོངས་པའི་གཏེར་བརྒྱ་གྲོལ་བ་ལྷ་ཡི་ལྷ། །
གཞན་དོན་ཁུར་གྱི་ལྕི་བ་མི་དོར་བའི། །
དབྱངས་ཅན་ལྷ་མོ་རྒྱ་མཚོའི་ནོར་བུ་འདྲ། །
ཐུགས་རྗེ་བརྩེ་བའི་མེ་ཏོག་གིས། །
ངན་འགྲོའི་གཡང་ནས་སྲུང་བ་ཡི། །
འཛིན་མའི་ཁྱོན་གྱི་རྩྭ་ཐང་དུ། །
མི་ཕྱེད་དད་པའི་རྒྱང་གླུ་མགུར། །
སྡེབ་ལེགས་ཚིག་གི་སྙིང་པོ་ཇི་བཞིན་དུ། །
མཚོན་པའི་ངག་ཅིག་བྱུང་བ་མ་ལགས་ཀྱང་། །
ང་ཡི་ཡི་དམ་ཆོས་ཀྱི་བསྟན་སྲུང་སྟེ། །
དབྱངས་ཅན་ལྷ་མོ་ཡིད་བཞིན་བང་མཛོད་འདྲ། །
ངག་རིག་བརྩེ་བའི་འཕར་ལྡིང་གི། །
དགའ་སྐྱོའི་སྣང་བ་ཇི་བཞིན་ཞིག །
ཉམས་ཀྱི་རྟོགས་ངོར་གྲོལ་བ་ནས། །
གཡུ་ཆུང་དྲུག་དཀར་ཁྱེད་ལ་འབུལ། །
སྙན་དབྱངས་མུ་ཏིག་ཟིལ་མའི་དོ་ཤལ་དཀྲིས། །
དགའ་སྐྱོ་ཚོར་བའི་མེ་ཏོག་རབ་ལུད་པས། །
འདོད་འཇོ་སྙིང་གི་བུ་མོ་ལུས་དཀར་བ། །
དབྱངས་ཅན་ལྷ་མོ་དབྱར་སྐྱེས་ཆུ་འཛིན་འདྲ། །
རིག་བྱེད་ངག་གི་རྔ་གསང་ལྡིར། །
སོམ་གཉིས་སྣང་བ་མ་མཆིས་པའི། །
འགྲོ་བའི་སེམས་ཅན་ཐུགས་རྗེས་བཟུང་། །
དར་དཀར་དྲི་མེད་ཡུག་འདིས་མཆོད། །
ད་ལྟ་མཁས་གྲུབ་ཡོངས་ཀྱི་གཙུག་ཏུ་བཀུར། །
ཐབས་མཁས་ངག་རིག་འགྱུར་ཁུག་བུས་ནས་འདུག །
མཛད་པའི་འཕྲིན་ལས་དཀར་བ་ལྷ་ཡི་ལྷ། །
དབྱངས་ཅན་ལྷ་མོ་དཔྱིད་ཀྱི་ཕོ་ཉ་འདྲ། །
རྩོམ་གསར། 10