༼ གངས་འོད། ༽ 2025-08-13
འདི་ནས་རྒྱང་རིང་རྒྱང་རིང་སྟེ་མཐོང་ལམ་སྒྲིབ་པའི་རི་ཚོགས་ཀྱི་ཕ་རོལ་དུ། ཁྱོད་རང་སྟོང་པའི་ནམ་མཁར་དུངས་ལྷང་ལྷང་གིས་འཚེར་བའི་ཉ་གང་ཟླ་བ་ཇི་བཞིན། གོ་རིམ་དང་གུ་ཡངས་ཀྱིས། དབྱར་ཟླ་ལྟ་བུའི་བརྩེ་དྲོད་དང་ལྗང་མདོག་ལྟ་བུའི་དུངས་ཞེན། འཇའ་ཚོན་ལྟ་བུའི་མིག་མདངས་དང་འཛུམ་ཆུང་ལྷན་ནེར། དུང་དཀར་ལྟ་བུའི་སེམས་རྟེན་གྱི་གཉུག་གཤིས་ཟབ་མོ། ད་དུང་ཆོ་ལོའི་ཐ་སྙད་དེ་དག་དང་། དཔེ་མཚོན་སྒྱུ་མ་གང་གིས་ཀྱང་མཚོན་པར་མི་ནུས་པ་དེ་དག་སྟེ། དགའ་འཛུམ་དང་ཀུ་རེའི་ཀློང་ནས་མཛའ་ཞིང་བརྩེ་བའི་སྙིང་གཏམ་ལྷུག་པོར་བརྗོད་ཚེ། ང་ཁྱོད་དང་འཕྲད་པའི་འཇིག་རྟེན་ནི་དེ་འདྲའི་མཛེས་ཤིང་། འུ་གཉིས་ལྷན་འཛོམས་ཀྱི་སྐར་ཆ་རེ་རེ་ཡང་དེ་འདྲར་ཡི་གར་འོང་།
སྙིང་ལ་སིམ་པའི་མི་ལགས། འཇིག་རྟེན་ནི་མ་གཞི་ནས་རླུང་ནང་གི་མར་མེའི་རང་བཞིན་ཅན་ཏེ། འདུ་འཛི་དང་དཀྲོག་གཏམ་ལ་རབ་ཏུ་གཡེང་སྟེ་རང་ཉིད་སྡུག་བསྔལ་གྱི་གཡང་དུ་རྫོངས་མཁན་ཞིག་ཡིན་མོད། ཡིན་ནའང་། བདེ་བ་གང་ཞིག་འདོད་པ་ལ་སྡུག་བསྔལ་གང་རུང་ཡོད་པ་ཆོས་ཉིད་ཀྱི་བདེན་པས་ཐེག་པ་ན། ང་ཡི་ན་ཚོད་ཅིག་གི་ཁེར་རྐྱང་གི་སེམས་པ་ཁད་ཀྱིས་དྲོས་ཏེ་ཡོད་ཚད་ལས་དབང་ཁོ་ནའི་ལག་ཏུ་སེམས་མི་ཐུབ་པ་བྱུང་བས། སྒྲིབ་གཡོག་མེད་པར་གློ་སྙིང་མཆིན་གསུམ་ཡང་ཁྱོད་ལ་གཏད་སྙིང་བྱུང་། དུངས་སེམས་ཀྱི་རླབས་རྩེ་ན་འཕྱོ་བའི་ཁྱོད་རང་ཚོད་ཚོད་མེད་པར་ཡིད་ལ་འཁོར་ཞིང་། སེམས་དང་སེམས་པའི་ཁོང་གསེང་ནས་མྱུལ་བའི་ཐ་སྙད་རེ་རེས། འཁྱག་སིབ་སིབ་ཀྱི་རྒྱང་རིང་གི་སེམས་པའང་དྲོད་ཀྱིས་བསྐྱངས།
ལན་རེར་འཕྲིན་དང་བརྡ་ཡིས་བཅད་པའི་རྒྱང་རིང་གི་བས་མཐའ་ནས་ཁྱོད་རང་ཡང་ཡང་དྲན་ཚེ། སེམས་ཀྱི་གང་བུར་རུམ་ཆོག་པ་ནི་འཇམ་ལྷོད་ལྷོད་ཀྱི་ངག་ཚིག་མ་ཡིན་ཏེ། ཆེས་རྒྱུན་ལྡན་གྱི་ཡིད་ཆེས་དང་ཁྲེལ་གཞུང་གི་ཕྱི་ཐག་རྣལ་མ་དེ་དག་ཡིན་འོས། ཁྱོད་རང་ང་ཡི་ཉེ་སར་མེད་པའི་དུས། ངང་སྒུག་དང་རྒྱང་ཐག་གིས་བཅད་པའི་སེམས་ངལ་ཤིན་ཏུ་ལྕི་བས། མིག་ཀོང་ལས་བརྡོལ་བའི་མཆི་མ་དེ་དག་ལའང་རིན་ཐང་གི་དྲོད་ཁོལ་གཞལ་དུ་མེད་དེ། ངའི་ཟླ་གདོང་གི་རི་བོང་ལ་ཅེར་བའི་ཁེར་རྐྱང་མཚོན་པའི་མཚན་མོ་རེར། དམར་ཆུང་གི་སེམས་པ་གཉིས་གཞི་གཅིག་ཏུ་འདྲེས་པའི་གཏམ་རྒྱུད་དག་དྲན་ཞིང་། འུ་གཉིས་ཐུན་མོང་གི་མོས་པས་ཉིན་ཞག་བརྩེགས་ཏེ་ལོ་ཟླ་དུ་མར་ངང་སྒུག་དང་ཞེ་འདང་གིས་འདྲིས་པའི་ནང་སེམས་དཀར་སིང་སིང་དང་། རྒྱང་ཐག་གིས་བཅད་པའི་དྲན་གདུང་གི་ཁྲག་རྒྱུན་དམར་ཙག་ཙག་ཏུ་བཞུར་བར་ལྷད་མ་ཞུགས་པས། མི་ཚེ་ཧྲིལ་པོར་འཇིག་རྟེན་གྱི་གྲང་འཁྱག་མ་ལུས་རྨི་ལམ་གྱིས་རྒྱང་དུ་བསྐྲད་ཆོག་ཨང་བསམ།
སྙིང་ལ་སིམ་པའི་མི། སྐྱིད་སྡུག་ལས་ཀྱི་རི་མོ་གང་ཞིག་འབྲི་བའི་ལྷན་འཛོམས་ནི་རྫོགས་ལྡན་སེམས་ཀྱི་དྲོད་ཐིག་ཉག་ཅིག་ཡིན་པས། སྐྱིད་སྡུག་རེས་སུ་འཁོར་བའི་མི་ཚེ་འདིར་འུ་གཉིས་ཀྱིས་ལག་པས་ལག་པ་གློད་དུ་མི་རུང་ཞིང་། སེམས་པས་སེམས་པ་གཏོང་བའང་ག་ལ་རུང་། དཔྱིད་དཔལ་ལྟ་བུའི་བརྩེ་དུངས་ལ་ཡིད་རྟོན་གྱི་དྲི་བཞོན་འཐིམ་སྟེ་མ་འོངས་པར་གཞིས་གཅིག་ཏུ་ཉི་འོད་འཁྱིལ་བའི་དགའ་ཚལ་ཞིག་གི་ཆེད། ཕན་ཚུན་དངོས་མིང་ནས་གཅེས་མིང་ལ་བཟུང་བའི་ལོ་ཟླ་དེ་དག་སྐྱེ་བ་གཅིག་གི་མེ་ཏོག་ལ་སྤྲུལ་སྒྱུར་བྱས་པ་ནས། ང་ཡི་སྲོག་གི་མར་མེ་གཉོམ་པོ་ངེས་མེད་དུ་ལྡང་བའི་བུ་ཡུག་གི་ཁྲོད་དུ་ལྷེམ་ལྷེམ་གཡོ་ཞིང་། དྲན་པ་ཚོད་མེད་ཀྱི་གནག་སྣུམ་སྐྲ་ལོ་ཁ་བས་བཟས་ནའང་། སེམས་ཀྱི་རྟ་ཕོ་སྲབ་མེད་འདི་ཉིད་འབྱམས་ཀླས་པའི་ཁྱོད་ཀྱི་ཞེ་འདང་གི་རྩྭ་ཐང་དུ་གཏན་དུ་གཏོང་བར་མོས།
སྙིང་ལ་སིམ་པའི་མི། ཁྱོད་ནི་ནམ་ཡང་ཁྱོད་རང་སྟེ། ང་ཡི་ནང་སེམས་སུ་སུས་ཀྱང་ཚབ་བྱེད་མི་རུང་ཞིང་། ཐ་སྙད་ཀྱིས་ཚད་བཀག་བྲལ་བའི་མི་དེ་ལགས།།
རྩོམ་གསར། 10