བདུད་རྩི།

        2025-05-22

ང་རང་བདུད་རྩི་ལ་ཧ་ཅང་དགའ། ང་རང་བདུད་རྩི་ལ་ཧ་ཅང་དགའ་བའི་དབང་གིས་ངས་བདེ་སྐྱིད་ཅེས་པ་ནི་མི་གཞན་གྱི་ངོས་འཛིན་ལྟར་མོ་ཊ་རྫིག་པོ་དང་རྒྱས་སྤྲོས་ཅན་གྱི་ཁང་པ།དངུལ་ལོ་མང་པོ་སོགས་མ་ཡིན་ཏེ།འཚོ་བའི་ཁྱབ་ཁོངས་སུ་མེད་ཐབས་མེད་པའི་བདུད་རྩི་ཡིན་ཞིང་། བདུད་རྩི་ངོམས་མེད་དུ་བཏུང་ན་ད་གཟོད་རྣམ་རིག་གྲུང་པོ་དང་ལུས་ཟུངས་ཐང་པོ་ཆགས་པའི་སྣང་བ་འཆར་བཞིན་འདུག ཚོར་སྣང་དེ་ཡིས་བདག་གི་འཚོ་བ་ནི་བདུད་རྩིས་བསྐྲུན་པར་ཡིད་ཆེས་སྐྱེས།ང་དང་འདྲ་པར་མི་ཁ་ཤས་ཀྱི་འཚོ་བ་ཡང་བདུད་རྩིས་བསྐྲུན་པར་ཁོ་ཚོས་འཆད་བཞིན་འདུག། བདུད་རྩིས་ང་རང་ཚོ་ལ་བསྐྲུན་པའི་ཁེ་ཕན་ནི་གཞན་སུས་ཀྱང་བསྐྲུན་མི་ནུས་མོད།སྤྱི་ཚོགས་སུ་མི་རྣམས་ཀྱིས་ཤེས་བཞིན་དུ་བདུད་རྩི་ལ་ངན་བཤད་དང་འཕྱ་སྨོད།ཁྱད་གསོད་བཅས་ཀྱིས་རང་རྒྱུད་ནས་འདོར་ཐབས་སུ་མངོན་ལྐོག་གང་རུང་ནས་འབད་ཅིང་ཁ་ཤས་ཀྱིས་རང་གི་འཚོ་བ་རོལ་བྱེད་ཀྱི་བདུད་རྩི་ལ་གཤེ་གཤེ་གཏོང་བཞིན་འདུག། དུས་དེར་ང་དང་བདུད་རྩི་ཡི་སེམས་པ་གྲང་ཤུར་ཤུར་ཆགས་སོང་། ང་ཡིས་མི་གཞན་ལ་སོ་སོའི་ཕྲུ་གུའི་ལྕེ་ཐོག་ཏུ་བདུད་རྩི་བླུགས་ཤོག་ཅེས་བཤད་མྱོང་ཡོད། ད་ལྟ། བུ་ཆུང་ལོ་ན་དྲུག་དང་ཕྱེད་ཀ་ལོན་སོང་། ཏག་ཏག་སྟོན་ཁ་འདི་ལ་དཔེ་ཁུག་ཆུང་ངུ་དཔེ་ཆས་གཏམས་བཞིན་སློབ་ཆུང་གི་སྒོ་ཐེམ་རྡོག་པས་མནན་སོང་། སྟོན་ཁ་འདི་ལ་བུ་ཆུང་གི་རྒྱབ་གཟུགས་ཆུང་ངུ་སློབ་གྲྭའི་སྒོ་ཆེན་ནས་སློབ་ཁང་དུ་བརྒྱུགས་སོང་། བུ་ཆུང་གིས་དཔེ་ཁུག་ཁུར་ཏེ་སློབ་ཁང་དུ་རྒྱུག་དུས་ངའི་སེམས་སུ་བདུད་རྩི་འཁོར་བྱུང་། ངས་བདུད་རྩི་ཁོ་ན་བྱིས་པ་རྣམས་ཀྱི་རྩེད་རོགས་ཡིན་ན་ཅི་མ་རུང་སྙམ་བྱུང་། ངས་དེ་ལྟར་སྙམ་མོད་དོན་དུ་བུ་ཆུང་དང་བཅས་པའི་བྱིས་པ་ཚོའི་ལྕེ་ཐོག་ཏུ་བདུད་རྩི་བླུག་རྒྱུའི་སྐལ་བ་མེད་པར་གྱུར་འདུག། བདུད་རྩི་བླུག་རྒྱུ་ནི་ཕ་མ་དང་བུ་ཕྲུག་གི་དོན་དག་ཙམ་ཡང་མིན་ཏེ་སྤྱི་ཚོགས་ཧྲིལ་པོ་ཞིག་གི་དོན་དག་ཡིན་པ་ང་ཚོས་ཤེས་ཡོད།ང་ཚོས་ཤེས་བཞིན་དུ་བདུད་རྩི་ལ་དགའ་ཞེན་དང་བརྩི་བཀུར་དོར་བར་མ་ཟད། ཐ་ན་བདུད་རྩི་ཁོ་རང་ཡང་ང་ཚོས་ཤེས་བཞིན་དུ་འདོར་བཞིན་འདུག། ངས་བདུད་རྩི་འདོར་བ་ནི་རང་ཉིད་ཀྱི་ལུས་པོའི་ཆ་ཤས་གང་རུང་ཞིག་དོར་བ་རེད་བསམས་མྱོང་། ཡིན་ནའང་། ད་ལྟ་ང་ཚོས་བདུད་རྩི་དང་རང་གི་ལུས་པོའི་ཆ་ཤས་གང་རུང་ཞིག་འདོར་བཞིན་འདུག། དེ་ལ་དངོས་གནས་ཕངས་སེམས་སྐྱེས་སོང་། དོན་དུ་ཕངས་སེམས་སྐྱེས་པ་ནི་རང་ལ་གུ་ཡངས་གནང་སྟངས་ཤིག་ཡིན་པ་འདྲ།ངས་དེ་ལྟར་བསམ་དུས། ང་རང་བདུད་རྩི་ལ་དགའ་བཞིན་དུ་བདུད་རྩི་ལ་གློ་བ་རིང་བའི་བྱ་བ་སྒྲུབ་བཞིན་འདུག། འདི་ནི་ངའི་ལོ་འདི་གའི་འགྱུར་ལྡོག་ཡིན་ནམ། གནམ་གཤིས་ཧ་ཅང་འཁྱག་དུས་ནང་དུ་འཛུལ་ནས་ཨ་རག་འཐུང་རྒྱུ་ནི་བདག་གི་གོམས་གཤིས་ཡིན་ལ།ཨ་རག་ལ་ཆེ་བསྟོད་བྱས་ན་བདུད་རྩི་ཟེར། དེ་བཞིན་ཆུ་ལ་བྱིན་རླབས་ཞུས་ན་བདུད་རྩི་ཟེར་བཞིན་འདུག། ང་རང་ཆུང་དུས་ནས་བདུད་རྩི་འཐུང་རྒྱུར་གོམས་ཡོད། གོམས་གཤིས་དེ་དག་གི་དབང་གིས་ཡིན་ནམ། ང་རང་བདུད་རྩི་གཞན་ཞིག་ཀྱང་བཏུང་བར་གོམས་ཡོད།མི་གཞན་གྱི་འཚོ་བ་ཇི་བཞིན་བདུད་རྩི་ཡིས་ང་ཡི་འཚོ་བ་ལ་ཤེས་རབ་དང་འོད་སྣང་བསྩལ།བདུད་རྩིས་བསྩལ་བའི་ཤེས་རབ་དང་འོད་སྣང་གིས་མི་རེ་རེ་ལ་བདེ་སྐྱིད་ཀྱི་འཚོ་བ་གནང་།དེའི་རྐྱེན་གྱིས་ངས་ངོས་འཛིན་བཞིན་པའི་བདེ་སྐྱིད་ནི་མོ་ཊ་རྫིག་པོ་དང་རྒྱས་སྤྲོས་ཅན་གྱི་ཁང་པ།དངུལ་ལོ་མང་པོ་སོགས་མ་ཡིན་ཏེ།འཚོ་བའི་ཁྱབ་ཁོངས་སུ་མེད་ཐབས་མེད་པའི་བདུད་རྩི་ཡིན།བདུད་རྩིས་གནང་བའི་བདེ་སྐྱིད་དང་དགའ་བདེ་ཡིས་ང་ཚོ་ལ་མགོ་བོ་གཟེངས་ནས་འགྲོ་ཆོག་པའི་ང་རྒྱལ་ཞིག་སྤྲད་འདུག། ང་ཚོས་ང་རྒྱལ་གྱི་མགོ་བོ་གཟེངས་ནས་མི་ཚོགས་སུ་འགྲོ་དུས་བདུད་རྩི་རྡོག་པས་རྫི་བཞིན་འདུག་པ་ནི་ང་ཚོས་ཁྲེལ་དང་ངོ་ཚ་བོར་བ་རེད།ང་ཚོས་རང་གི་ཕ་ཡུལ་དང་སྐྱེ་ཁུངས་བརྗེད་པས་རེད།ང་ཚོས་རང་གི་སྐད་ཆ་དང་ཡི་གེ་རང་རྒྱུད་ནས་དོར་བ་རེད། ཁྱོད་ཀྱིས་བདེ་སྐྱིད་ཀྱི་གླུ་ཆུང་ལེན་དུས་དང་སྡུག་བསྔལ་གྱི་མིག་ཆུ་གཏོང་དུས་ད་རུང་བདུད་རྩི་ལ་ལུས་སེམས་འཁྲི་ས་དང་ཁེན་ས་ཡོད་དུས་ཁྱོད་ཀྱི་ཁྲེལ་དང་ངོ་ཚ་བོར་མེད་པ་རེད།ཁྱོད་ཀྱིས་སྐྱིད་སྡུག་དང་ན་ཚ་རང་གི་སྐད་ཡིག་གིས་བརྗོད་ཐུབ་དུས་ཁྱོད་ཀྱིས་ང་རྒྱལ་གྱི་མགོ་བོ་མི་ཚོགས་སུ་གཟེངས་ནས་འགྲོ་ཐུབ་པའི་དཔའ་གདེང་ཡོད་པ་རེད། ཕ་མེས་ནས་བརྒྱུད་པའི་ཤེས་རབ་ཀྱི་གཟུངས་སྔགས་ཁྱོད་ཀྱི་དཔེ་ཁུག་ཏུ་བཅུག་མེད་ཚེ་རང་གི་ངག་ལ་ཚེར་མའི་མེ་ཏོག་འབུས་པ་རེད།ཁྱོད་ཀྱི་སེམས་སུ་བདུད་རྩིའི་བྱིན་རླབས་ཀྱི་བརླན་གཤེར་ཞུགས་ཚེ་རང་གི་སེམས་ཁོངས་ཀྱི་སྡིག་སྒྲིབ་འདག་པའི་ཡིད་ཆེས་རྙེད་པ་རེད།བདུད་རྩི་ནི་ཇི་ལྟར་མྱོང་བས་ངོམས་པ་མེད་པའི་གཤེར་གཟུགས་ཀྱི་ངོ་བོ་གཞན་ཞིག་ཡིན།གཤེར་གཟུགས་ཀྱི་ངོ་བོ་དེ་རུ་མི་མང་པོའི་དཀའ་ངལ་དང་སྡུག་རུས།བརྩོན་འགྲུས་དང་འདུ་བྲལ་སོགས་བསྐུངས་ཡོད། བུ་ཆུང་གི་དཔེ་ཁུག་ཁུར་ནས་སློབ་ཁང་གི་ཕྱོགས་སུ་རྒྱུག་དུས་ངའི་སེམས་སུ་ཕྲུ་གུའི་ལྕེ་ཐོག་ཏུ་བདུད་རྩི་བླུག་དགོས་པའི་འདུ་ཤེས་ཡོད་ནའང་ལག་ལེན་གྱིས་སྟོང་ཡོད་པ་ཤེས་བྱུང་།ང་ཚོ་ལ་བདུད་རྩི་ཡི་བྱིན་རླབས་དང་ནུས་མཐུ་མེད་པས་ནམ་ཞིག་དབུལ་བོ་དབུལ་རྐྱང་དུ་ཆགས་སྲིད།སྐབས་དེར་ད་ལྟའི་ཕྲུ་གུ་འདི་ཚོས་བདུད་རྩི་ལ་ཡིད་སྨོན་སྐྱེ་བཞིན་དུས་རབས་འདི་ཡི་ང་ཚོ་ལ་ལེ་བདའ་བྱེད་སྲིད། ངས་མཚམས་དང་མཚམས་སུ་བདུད་རྩི་ཚོད་མེད་དུ་བཏུང་ནས་ར་རོར་གྱུར་དུས་ངག་ནས་སྐད་ཡིག་ཅེས་ལྡབ་ལྡིབ་ཅིག་ཤོར་བཞིན་འདུག།


རྩོམ་པ་པོ། ཕུར་བཀྲ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:དཔྱིད་ཟླ་ཐ་མར་ང་འདི་ལྟར་འགྲོ་དགོས་བྱུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།