༼ ཞོ་ར་བསམ་འགྲུབ་རྒྱལ། ༽ 2024-10-18
སྟོན་ཁ་སླེབས་པ་ནི། དུས་ཚིགས་ཤིག་ལ་རྫོགས་ཤད་བྲིས་ཏེ།ཡང་བསྐྱར་རྨི་ལམ་ཞིག་པང་དུ་སྦྲུམ་པའི་གོ་རིམ་ཡིན།སྟོན་རླུང་དལ་གྱིས་ལྡང་བ་ཡིས། ལོ་ཟླའི་གཙང་ངོགས་ཁྲོད། ཐོབ་ཤོར་དང་སུན་གཙེར་བཅས་པའི་མི་ཚེའི་དོན་བྱ་མང་པོར་ཡང་བསྐྱར་སེམས་ཀྱིས་གླན་ཆོག་ཅིང་། སྟོན་རླུང་གི་རྒྱུ་བར་འགྲོགས་ཏེ་ག་སར་ཟགས་ཀྱིན་པའི་ལོ་མ་མཐོང་དུས། དུས་ཚོད་ཀྱི་ཧྲག་བར་ན་ག་ལེར་རྒ་བཞིན་པའི་རང་ཉིད་དྲན་ཡོང་།
སྟོན་ཁ་ཟེར་བའི་དུས་ཚིགས་ཤིག་ལོ་ཟླའི་རེས་མོས་ཀྱིས་བསྐྱལ་ཡོང་ནའང་། ངའི་དྲན་པའི་ཁྲོད་ལོ་རེའི་སྟོན་ཁ་ནི་འཆར་ཡན་གྱི་རི་མོས་ཡོངས་སུ་འཁྱུད་ཅིང་། རེ་བས་བརྟས་པའི་ལོ་ཟླའི་དབུ་ཁྱུད་ཀྱི་མཚོན་བྱེད་དུ་ངོས་བཟུང་ན་ཅི་ལ་སྐྱོན། ལྟོས་དང་།སྨུག་བན་བུན་དང་ཆར་ཟམ་ཟིམ་གྱི་ཀློང་ནས་ཕྱོགས་བཞིར་རྒྱང་མིག་ལྟ་དུས། ཉེ་འཁོར་གྱི་གཞུང་ལམ་འགྲམ་གཉིས་སུ་ལོ་མ་སེར་པོ་ལྷབ་ལྷུབ་ཀྱི་གར་དུ་བསྡོངས་ཤིང་། ནམ་ཟླ་འདིའི་རྒྱུ་བར་འགྲོགས་པའི་རླུང་ཁྲོད་དུ་སྐྲ་ལོ་ཡང་ཡང་སྐྱོད་པའི་བཟོ་ལྟ་ཁོ་ནས་དགུན་ཁ་ཞིག་ལ་སྔ་མོ་ནས་འབྲེལ་གཏུགས་བྱས་ཟིན་པ་གཞི་ནས་ཤེས་ཐུབ། རེད་ལགས།སྟོན་རླུང་གི་གོམ་སྒྲ་དང་ལྷན་དུ་རང་བྱུང་ཁམས་ཀྱི་འགྱུར་ལྡོག་བྱེ་བས་རྒྱང་རིང་རྒྱང་རིང་ཞིག་ལ་འཁྲིད་འགྲོ་ཞིང་། དེ་ནས་ཐག་ཉེ་ཐག་ཉེ་ཞིག་ཏུ་བསྐྱལ་ཡོང་། ཡང་གཅིག་བཤད་ན། འདི་ནི་གོ་རིམ་ཞིག་ཏུ་བརྒྱུས་པའི་གདངས་ཀྱི་ང་རོ་ཡིན་ལ། ཆོས་ཉིད་ཅིག་ལ་བསྡོངས་པའི་ལས་ཀྱི་ཁ་ཡིག་ཅིས་ཀྱང་ཡིན་པ་འདྲ།
སྟོན་མཇུག་གི་རླུང་ནི། མཚམས་རེར་སྨྱོས་ཟིན་པའི་གླང་པོ་ཇི་བཞིན། ང་ཡི་ཞག་གཅིག་གི་འཆར་གཞི་དང་རྨི་ལམ་གྱི་ཁ་དོག་སྣ་ཚོགས་བྱ་སྤུ་བཞིན་རྒྱང་ནས་རྒྱང་དུ་བསྐྲད་ཅིང་། སྟོན་མཇུག་གི་རླུང་ནི། ལན་རེར་ཞི་འཇམ་གྱི་བུ་མོ་ནང་བཞིན།ཆོག་ཤེས་དང་ལྷིང་འཇགས་ཀྱི་གས་སྲུབས་བརྟོལ་ཏེ་སེམས་པའི་མཐིལ་དུ་ནེམ་ཤ་བསྩལ་ཡོང་།
མ་གཞིར་འཇིག་རྟེན་གྱི་མི་རེ་རེ་ནི་ཁེར་རྐྱང་ཡིན་པ་བདེན་ན། ང་ཚོས་སྟོན་མཇུག་གི་རླུང་ཁྲོད་དུ་དེ་སྔའི་རང་ཉིད་ཀྱི་ངོ་གདོང་འཚོལ་ཆོག་ལ། འཇིག་རྟེན་འདིའི་ཕམ་ཉེས་དང་སེམས་གཅོང་གི་རི་མོ་དག་རླུང་ལ་དེ་བས་བསྐུར་ཆོག། ང་ལ་མཚོན་ན་སྟོན་མཇུག་གི་རླུང་ནི་དྲན་པའི་གཤོག་ཟུང་རྐྱོང་བའི་རྒྱང་བཞུད་ཀྱི་ཁྲུང་ཁྲུང་ཁྱུ་ཞིག་དང་འདྲ་བར། འདས་སོང་ལ་བསྐྱུར་བའི་ཕྱིར་མིག་མཐའ་དག་སེམས་ངོགས་སུ་ཤེད་ཀྱིས་འཕུར་ཡོང་། གང་ལྟར་སྟོན་མཇུག་གི་རླུང་ནི་དྲི་ངད་ཀྱིས་ཡོངས་སུ་གཏམས་པའི་མེ་ཏོག་གི་ཚོམ་བུ་བཞིན་མི་སེམས་ལ་མཛེས་སྡུག་རབ་ཏུ་སྩོལ་ཞིང་།འདི་ལྟར་སྟོན་མཇུག་གི་རླུང་དང་མཉམ་དུ་ཁ་རོག་གེར་སྡོད་དུས། ད་གཟོད་རང་ཉིད་ཀྱི་འཚོ་བར་བདག་པོ་བྱེད་པའི་མི་རྣལ་མ་ཞིག་ཏུ་འགྱུར་བར་སྡོང་གྲོགས་བྱེད་ཐུབ།
སྒེའུ་ཁུང་ལས་ཕྱི་ལ་ལྟ་ཐེངས་རེར། ཕྱེ་ལེབ་ཀྱི་གར་དུ་རྩེན་པའི་སྟོན་མཇུག་གི་ལོ་མ་སེར་པོའི་ཚོགས་ནི། མི་ཚོགས་ཀྱི་འདུ་འགོད་དང་ཧམ་སེམས་བཞིན་འགྲོ་ལམ་གྱི་ངོགས་གཉིས་སུ་རིམ་གྱིས་སྤུངས་ཤིང་། རྒས་གཉེར་གྱི་བཞིན་མདངས་མངོན་པའི་ལྗོན་པ་དག་མཐོང་བའི་མོད་ལ། སྐྱེ་རྒ་ན་འཆིས་བསྡུས་པའི་མི་ཚེའི་བསྡུས་གཟུགས་ཤིག་སེམས་འཛིན་གྱི་མེ་ལོང་ངོས་ལ་གསལ་རྗེན་དུ་ཤར་དུ་བཅུག་བྱུང་།
ང་ལ་མཚོན་ན་སྟོན་མཇུག་གི་རླུང་ནི་ཕྱོགས་ངེས་མེད་ནས་ལྡང་ཡོང་བའི་རླུང་དེ་ཡེ་ནས་མིན་པར། དེ་ནི་ལས་ཀྱི་སྨོན་ལམ་གྱིས་བསྡུས་པའི་མི་ཚེའི་དྲན་ཐོ་ཞིག་ཏུ་མཐོང་ལ། དྲན་ཐོ་དེས་རང་ཉིད་ཀྱི་རྣམ་ཤེས་དང་བཅས་པར་ནམ་ཡང་བྱབས་ཁྲུས་བྱེད་ཀྱི་ཡོད་པ་དང་ཤིན་ཏུ་འདྲ། ཡང་གཅིག་བཤད་ན་སྟོན་མཇུག་གི་རླུང་དེ་སེམས་ཀྱི་རྒྱུད་སྐུད་ལས་འཕོས་ཡོང་བའི་འབོད་པ་ཐེངས་ཤིག་རེད། འབོད་པ་འདིས་རང་ཉིད་ཀྱི་རྣམ་ཤེས་ལ་འོད་ཀྱི་ཟེར་མ་དཀྲིས་ཏེ། སྐྱེ་བ་ཕྲེང་རྒྱུད་དུ་ཐོག་མའི་དམ་བཅའ་ཡིད་ལ་བརྣགས་ཤིང་མི་ཚེའི་གཙུབ་བརྡར་གྱི་ལམ་བུར་སྤོབས་པས་སྙེག་པར་སྙིང་ནས་བསྐུལ་བ་དང་གཉིས་སུ་མེད་དོ།།
སྟོན་མཇུག་གི་རླུང་ལྡང་བ་དང་མཉམ་དུ། སེམས་ཀྱི་ག་ལ་བར་གནས་པའི་སེམས་གཅོང་སྣ་ཚོགས་རླུང་གིས་རྒྱང་ལ་ཁྱེར་ཅིང་། སྟོན་མཇུག་གི་ལོ་མའི་ཚོགས་ཀྱིས་དེ་སྔར་དྲན་པར་མག་མོག་ཏུ་གནས་པའི་གནས་ལུགས་མཐའ་དག་ལ་ངོས་ཟིན་གཞན་ཞིག་རྙེད་བྱུང་། དེ་ནས་བཟུང་། ངས་ཁེར་རྐྱང་གི་དྲན་པ་སྣ་ཚོགས་སྟོན་རླུང་ཁོ་ནར་བཅོལ་ཞིང་། རེ་སྒུག་དང་བརྩེ་འདང་གི་དར་སྐུད་ཕྲ་མོ་རྒྱང་རིང་ལ་འཐེན་འགོ་བརྩམས། མདོར་དྲིལ་ན་དེ་ནི་ལས་ཀྱི་སྙིང་ཉེ་སུ་ཞིག་དྲན་པའི་གཞས་ཆུང་ཡིན་ལ། བརྩེ་བའི་ཉིང་ཁུ་ས་རུ་ཐོར་བའི་ཕངས་སེམས་ཀྱང་ཅི་ལ་མིན།
སྟོན་མཇུག་གི་རླུང་བུ་ཤེད་ཀྱིས་ལྡང་བའི་འགྲོས་དང་བསྟུན། རང་གི་གནས་མལ་དང་རིང་དུ་གྱེས་པའི་ལོ་མ་དག་མཐོང་ལམ་དུ་ཟེགས་ཤིང་། ཉམ་ཐག་པའི་ལག་པ་གཉིས་ཕར་བསྲིངས་ཏེ་འཛིན་པར་བསམ་དུས།མ་གཞིར་མི་སེམས་ཀྱིས་བསྐྱེད་པའི་ལོ་མ་འདི་དག་ལ་ཁ་དོག་གཞན་ཞིག་བསྒོས་ཚར་ཞིང་། རེ་ཞིག་ལག་མཐིལ་གྱི་བར་ནས་རྒྱང་ནས་རྒྱང་ལ་འཁུར་འགོ་བརྩམས་པས། བརྩེ་འདང་ཟབ་པའི་དངོས་པོ་ཞིག་གློ་རྡེག་བོར་སོང་བ་ལྟར། ངས་ནི་ཅི་ཞིག་ལ་ཅེར་ཏེ་ཕྲག་གོང་དུ་ལྷུང་ཡོང་བའི་ཆར་རྡོག་རེ་རེས་སེམས་པའི་ཕྱི་ནང་ཇི་ལྟར་བརླན་པ་ཡང་ཡེ་ནས་མ་ཤེས།
སྟོན་རླུང་དལ་གྱིས་ལྡང་བའི་གོ་རིམ་འདིས་འདས་དོན་གྱི་རི་མོ་མཐའ་དག་དྲན་པའི་ངོགས་སུ་བཀུག་ཅིང་། སང་ཉིན་གྱི་རྡོག་ཁྲེས་རྒྱབ་ཏུ་འཁུར་སའི་བཞུད་ལམ་ཧྲིལ་བོར་སེམས་ཁྲལ་ཞིག་ཀྱང་ཞོར་ལ་སྐྱེས་སུ་བཅུག། མདོར་ན་སྟོན་རླུང་གི་རྒྱུ་བ་འདི་ཉིད་ཞི་འཇགས་སུ་གྱུར་རྗེས། ང་ཚོས་སྐྱ་ཐིང་ཐིང་གི་ནམ་ཟླ་འདི་རེ་ཞིག་བཞག་སྟེ་དུས་ཚིགས་གཞན་ཞིག་བསུ་བའི་ལས་སུ་ཉེར་བསྡོགས་བྱེད་སྲིད་དམ།
རྩོམ་གསར། 10