མཚན་ལྡན་དགེ་རྒན་འདེམ་པ།

        2024-09-09

ཅུས་ཀྲང་ཝང་ལགས་གཞི་རིམ་གྱི་སློབ་གསོའི་བྱ་བར་རྟོག་ཞིབ་ལ་ཕེབས་ཏེ་ཕྱིར་ལོག་ཁར་ཁོའི་ཚ་བོའི་གནས་ཚུལ་དྲིས་བྱུང་བས། སློབ་གཙོས་གློ་བུར་དུ་དོན་ཆེན་ཞིག་ཡིད་ལ་དྲན་པ་ལྟར་དེ་མ་ཐག་སློབ་གྲྭའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་ལ་བརྡ་བརྒྱབ་སྟེ་ཚོགས་འདུ་སྐོང་ཚོགས་བྱས།

ཚོགས་འདུའི་སྟེང་། སློབ་སྟོན་ཀྲུའུ་རེན་གྱིས་རང་སློབ་གྲྭའི་ལོ་རིམ་དང་འཛིན་གྲྭ་སོ་སོའི་ལོ་ངོ་གཅིག་ཡུན་གྱི་སྐར་འབྲས་ཨང་རིམ་སློབ་གཙོར་ཡར་ཞུ་བྱས་པ་ན། ཨང་དང་པོ་ནི་དགེ་རྒན་ལྷ་མོ་ཡིན་པ་རེད།

དེ་ནས་སྲིད་སྟོན་ཀྲུའུ་རེན་གྱིས་དགེ་རྒན་སོ་སོའི་ལས་ཞུགས་ཀྱི་དཔྱད་ཞིབ་རེའུ་མིག་སློབ་གཙོར་ཕུལ་པ་ན། ཨང་དང་པོ་ནི་དགེ་རྒན་བསོད་ནམས་ཡིན་པ་རེད།

མཇུག་མཐར་སློབ་གཙོས་ན་རེ། “བསྟུད་མར་འཛིན་གྲྭ་ཡོངས་དང་ཐ་ན་སློབ་གྲྭ་ཡོངས་ནས་སྐར་འབྲས་མཐོན་པོ་ལོན་དཀའ་བ་བདེན་མོད། ཡིན་ནའང་སྐར་འབྲས་མཐོ་དམའ་ཁོ་ནས་དགེ་རྒན་གྱི་བཟང་ངན་མཚོན་མི་ཐུབ་སྙམ། ཡང་གཅིག་བཤད་ན། ལས་ཞུགས་ཀྱི་རྒྱུ་མེད་པར་སྐར་འབྲས་ཀྱི་འབྲས་བུའང་འབྱུང་དཀའ་བས། ད་ཐེངས་རང་སློབ་གྲྭས་དགེ་རྒན་སོ་སོའི་ལས་ཞུགས་ཀྱི་ཨང་རིམ་ལྟར་རང་ཁུལ་གྱི་དགེ་རྒན་དུས་ཆེན་གྱི་མཚན་ལྡན་དགེ་རྒན་གྱི་འོས་མིར་འོས་སྦྱོར་བྱེད། དེ་ལྟར་བྱས་ན་དགེ་རྒན་རྣམས་ཀྱིས་གནང་བ་ཞུ་ཚད་ཁྱབ་ཇེ་ཆུང་དང་གྲངས་ཇེ་ཉུང་དུ་འགྲོ་སྲིད།”ཅེས་བརྗོད་བྱུང་བས། སློབ་གྲྭའི་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་རྣམས་ཀྱིས་གཅིག་མིག་གཅིག་ལ་ལྟ་བཞིན་སྔར་སྲོལ་ལྟར་ལག་པ་ཡར་བཀྱགས་ཏེ་འཐད་པའི་བརྡ་བསྟན།

དགེ་རྒན་དུས་ཆེན་གྱི་གཟེངས་རྟགས་མཛད་སྒོ་མཇུག་བསྡུས་ཏེ་ཅང་མ་འགོར་བར་ཅུས་ཀྲང་ཝང་ལགས་ཀྱིས་སློབ་གཙོ་གཞུང་སྒྲུབ་ཁང་དུ་བོས་ཏེ་གཤེ་གཤེ་མི་འདྲ་བ་བཏང་།

མ་གཞི་དགེ་རྒན་ལྷ་མོ་ནི་ད་ལོའི་ལོ་སྨད་ལ་གསར་དུ་བསྐོས་པའི་རང་རྫོང་གི་དྲུང་ཆེའི་བུ་མོ་ཡིན་འདུག་གོ། །

རྩོམ་སྒྲིག་པ། གཅན་གླག་མིག། 

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཧ་ཅང་ཐང་ཆད་པའི་དུས་སུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།