ཁེར་རྐྱང་གི་སྨིན་དྲུག།

འདུན་མ་ལེགས།        2024-08-07

       གཉིད་མི་ཁུགས་པའི་མཚན་མོ་རེ་རེར། ངས་ཁྱེད་ཀྱི་མིང་ཡིག་ཇི་ལྟར་མཚོན་དགོས་པའི་ཕྱོགས་ལ་མནོ་བསམ་ཡང་ཡང་བཏང་བ་ཡིན། ལར་ཡིན་ན་མིང་ཡིག་ཅིག་གིས་ཅི་ཡང་མཚོན་མི་ཐུབ་ཀྱང་སྲིད་མོད། ངའི་མིག་མདུན་ནས་མིང་ཡིག་ཅིག་གིས་ཡོད་ཚད་མཚོན་ཐུབ་པའི་སྐབས་ཀྱང་མང་དུ་བདོག་པས། བསམ་བློ་གང་མང་བཏང་རྗེས་ཀྱི་ཐ་མར་འཇིག་རྟེན་འདིའི་ཆེས་ཡིད་དུ་འོང་ཞིང་སྙིང་དུ་སྡུག་པའི་ཐ་སྙད་ཡོད་ཚད་ཁྱེད་ཀྱི་མིང་ཡིག་ཏུ་གྲུབ་ཆོག་མོད། ངས་སྔར་བཞིན་ཁྱེད་ལ་སྨིན་དྲུག་ཅེས་འབོད་འདོད་བྱུང་། དྲང་མོར་བརྗོད་ན། དྲོད་ཀྱིས་གཏམས་པའི་འཇིག་རྟེན་འདིར། སྨིན་དྲུག་ལས་འོད་ཀྱི་འཛུམ་ཞལ་གྲོལ་བའི་ཟླ་བ་དང་། མུན་པའི་དྲ་བ་གཅོད་པའི་ཉི་མ། འཕྱོར་སྒེག་ལང་ཚོ་འཛིན་པའི་མིག་དམར་སོགས་དགུ་ཚིགས་སྐྱ་མོའི་ལམ་གྱི་གཡས་གཡོན་གཉིས་སུ་གཟི་བརྗིད་དང་ལང་ཚོའི་མཛེས་པ་སྨིན་དྲུག་ལས་ཁྱད་དུ་འཕགས་པ་མང་དག་ཅིག་ཡོད་པ་མངོན་སུམ་ཚད་མར་མཐོང་མོད། ངས་སྔར་བཞིན་ཁྱེད་ལ་སྨིན་དྲུག་ཅེས་འབོད་ཆོག་པར་ཞུ།

ཁྱེད་ཀྱི་མིང་དངོས་ལ་སྨིན་དྲུག་ཏུ་མི་འབོད་ཀྱང་། དོན་དུ་ཁྱེད་རང་ངའི་བརྩེ་དུང་གི་མཁའ་དབྱིངས་སུ་ལམ་ལམ་ངང་འཚེར་བའི་སྨིན་དྲུག་དེ་ཡིན་ལ། ངའི་འཚོ་བའི་མངའ་ཐང་ལ་འོད་སྣང་གི་སྐར་ཁུང་ཕྱེས་པའི་རྒྱང་རིང་གི་སྨིན་དྲུག་དེ་ཡིན་ངེས། ཞེན་ཆགས་ཀྱི་མགོ་བོ་མཐོ་རུ་བཏེགས་ནས་འཇིག་རྟེན་གྱི་སྒེའུ་ཁུང་ལ་མངོན་པར་ཕྱོགས་ན། མཐོང་ལམ་དུ་སྣང་བ་ནི་འོད་ཀྱི་རྒྱལ་ཁམས་ཤིག་སྟེ། དེ་རུ་མཛེས་པའི་ཟླ་བྲལ་ཞིང་ལྟ་བས་ཆོག་མི་ཤེས་པའི་རྒྱུ་སྐར་བགྲང་ལས་འདས་པ་ཞིག་ཡོད་ནའང་། ངའི་མིག་ལམ་དུ་ཐོགས་ཡོང་བ་དང་སེམས་ཁོང་དུ་སྨིན་ཡོང་བ་ནི་སྨིན་དྲུག་ཁོ་ན་ལས་གཞན་སུ་དང་གང་ཡང་མ་མཆིས། སྨིན་དྲུག་ཡོད་པ་ནས། ང་ལ་འཚོ་བའི་བདེ་སྐྱིད་མཐོང་བའི་འཆར་ཡན་གྱི་མིག་ཟུང་ཞིག་ཡོད་པར་གྱུར་ལ། སྨིན་དྲུག་ཡོད་པ་ནས། ང་ལ་བརྩེ་དུང་གི་མཁའ་དབྱིངས་བརྟོལ་བའི་རྣམ་ཤེས་ཀྱི་གཤོག་ཟུང་ཞིག་ཡོད་པར་གྱུར། སྨིན་དྲུག་ཡོད་པས། འོད་ལམ་ལམ་འཕྲོ་བའི་ཉི་འོད་ཀྱི་མིག་ཟུང་ལ་དྲོད་ཁོལ་ཡོད་པ་ཚོར་ཞིང་། བསིལ་འཇམ་འཇམ་ཤར་བའི་ཟླ་འོད་ཀྱི་ལག་ཟུང་ལ་བརྩེ་བ་འཁྱིལ་ཡོད་པར་རྟོགས། འཚོ་བའི་དགའ་སྐྱོ་དང་བདེ་སྡུག། མིག་ཆུ་དང་དགོད་སྒྲ་མང་པོ་ཞིག་གི་མདུན་ནས་ད་གཟོད་མི་གཤིས་ཀྱི་རང་ཞལ་ངོ་མ་དེ་མཐོང་ཐུབ་ལ། དེ་དག་གི་མདུན་ནས། འདྲིས་ཤིང་འགྲོགས་པར་གྱུར་བའི་ཟོལ་བཅོས་ཀྱི་མི་མང་པོ་ཞིག་གིས་སྐབས་རེར་རྒྱང་ནས་མཛུབ་ཀེར་གྱིས་འཕྱ་ལ་ལན་རེར་གམ་ནས་ཕྱི་བཤོལ་གྱིས་བྲོས་ནའང་། སྨིན་དྲུག་ཁོ་ན་ངའི་འཚོ་བའི་སྐྱིད་སྡུག་གི་གྲུ་ཟུར་གང་རུང་ནས་འོད་ལམ་མེར་ང་ལ་ཡལ་མེད་ཀྱི་སྤོབས་པ་སྩོལ་མཁན་དང་འཛད་མེད་ཀྱི་སྟོབས་ཤུགས་སྦྱིན་མཁན་དུ་ངེས་ལ། རྒྱལ་དུས་ང་རྒྱལ་གྱི་མགོ་བོ་འབུར་འཇོམས་བྱེད་མཁན་དང་ཕམ་དུས་དཔའ་གདེང་གི་སྙིང་སྟོབས་སེམས་ཀྱིས་སྙོར་མཁན་ཞིག་ཡིན་པས་ན། སྨིན་དྲུག་ནི་སྐྱིད་སྡུག་སྐྱ་འཐབ་པའི་འཁོར་བའི་སྨུག་ལོང་གསེབ་ཀྱི་ལྷང་ལྷང་གི་གླུ་སྐད་དེ་ཡིན་ལ། ངལ་ཞིང་དུབ་པའི་ཞོགས་པ་མང་པོ་ཞིག་ཕར་བསྐྱལ་རྗེས་ཀྱི་དབུགས་དབྱུང་དེ་ཡིན། ཡང་ན། ཕྲག་དོག་གི་རྦ་རླབས་དང་འགྲན་རྩོད་ཀྱི་རླུང་བུ་ཡོངས་སུ་འཇགས་རྗེས་ཀྱི་མཚན་མོའི་ཁུ་སིམ་དེ་ཡིན། མདོར་ན། སྨིན་དྲུག་ནི་སྐྱིད་དུས་དགོད་སྒྲ་ཉན་ལ་སྡུག་དུས་མིག་ཆུར་རུང་བའི་འཚོ་བའི་འཐབ་མོ་བ་ཞིག་ཡིན།

མི་རེ་རེ་ནི་ཁེར་རྐྱང་གི་བསྡུས་གཟུགས་ཤིག་ཏུ་གྲུབ་ནའང་། ཁེར་རྐྱང་གཅིག་པུས་ཚེ་སྲོག་གི་དོན་སྙིང་འཚོལ་རྒྱུ་ནི་ཤིན་ཏུ་ཁག་པས། འཇིག་རྟེན་དུ་ཁེར་རྐྱང་དུ་འཚོ་བའི་མི་ཤིན་ཏུ་ཉུང་ལ། ཁེར་རྐྱང་གིས་བསྐྱེད་པའི་ན་ཟུག་དང་སྡུག་བསྔལ་ཐེག་མཁན་དེ་བས་ཀྱང་ཉིན་མོའི་སྐར་མ་ལྟར་སྣང་། དེ་བས། ཁེར་རྐྱང་ནི་ཅི་ཡང་ཡིན་ཆོག་ལ་གང་ཡང་མིན་ཡང་རུང་། ཡིན་ནའང་། ཁེར་རྐྱང་ནི་སྐྱོ་གདུང་གི་འབྱུང་ཁུངས་ཡིན་ལ་བསམ་གཞིག་གི་མ་མ་ཡང་ཡིན་པས། ཁེར་རྐྱང་ལ་གོམས་པ་ནི་འཇིག་རྟེན་འདི་རུ་སླར་ཡང་རང་ཉིད་ལ་དབང་བའི་འཇིག་རྟེན་ཆུང་ཆུང་ལོགས་སུ་བཞེངས་པ་ཡིན་ལ། དེ་རུ་ཁེ་ཕན་དང་འབྲེལ་བ་མེད་པའི་ཉི་ཟླའི་འོད་སྣང་ལ་རོལ་ཐུབ་ཅིང་། འབྱོར་བ་དང་འབྲེལ་བ་མེད་པའི་བསིལ་རླུང་འཇམ་པོའི་རེག་བྱའང་ཚོར་ཐུབ། གཞན་ད་དུང་ནག་ནོག་གི་དྲི་མས་བསླད་སྐྱོན་ཐེབས་པའི་ཐ་སྙད་འབྱར་བག་ཅན་དེ་ཚོ་དང་འབྲེལ་བ་ལར་ནས་མེད་པའི་དྭངས་གཙང་གི་མིག་ཟུང་ལ་སྙན་ངག་བྲིས་ཆོག། དོན་དངོས་སུ། ང་ཡང་སྨིན་དྲུག་གི་ཕྱིར་དུ་ཁེར་རྐྱང་རྣམ་ཤེས་སྲུང་མཁན་ཞིག་ཏུ་གྱུར་ལ། སྨིན་དྲུག་གི་རྐྱེན་པས། ང་རང་མཚན་མོའི་འབྱམས་ཀླས་པའི་ཁེར་རྐྱང་ལ་ཞེད་མཁན་ཞིག་ཏུའང་གྱུར་ཡོད། ཉི་མ་ནུབ་རིར་ཡལ་རྗེས་ཀྱི་ས་སྲོད་རེ་རེར། གཡའ་དག་པའི་མཁའ་དབྱིངས་སུ་སྨིན་དྲུག་གི་ཞལ་འཛུམ་འཇམ་པོ་ཡིད་ལ་བསྒོམས་ཤིང་། ལྷགས་རླུང་རབ་ཏུ་རྒོད་པའི་མཚན་མོ་རེ་རེར། སེམས་པ་གཉོམ་པོ་འདིས་ཁེར་རྐྱང་གི་ན་ཟུག་མ་ཐེག་པར་བཞུར་སླ་བའི་མིག་ཆུ་ཞིག་སྐམ་ཞིང་རིད་པའི་ཟ་འགྲམ་ནས་དཀག་དོན་ཡང་སྨིན་དྲུག་གི་སླད་དུ་ང་རང་ངུ་སླ་ཞིང་དགོད་སྐྱེན་པ་ཞིག་ཏུ་གྱུར་པ་མ་ཡིན་ནམ། “ཆེས་བཞུར་སླ་བ་ནི་མ་ཡུམ་དང་སྙན་ངག་པའི་མིག་ཆུ་ཡིན”ཟེར་བ་བདེན་མོད། ང་ལའང་བཞུར་སླ་བའི་མིག་ཆུ་ཞིག་ཡོད་དོན། མ་ཡུམ་གྱི་སྙིང་རྗེས་བཞུར་བ་མིན་ལ། སྙན་ངག་པའི་ཀུན་རྟོག་གིས་བཞེངས་པའང་མིན། དེ་ནི་རང་བྱུང་ལྷུན་གྲུབ་ཀྱི་མིག་ཆུ་ཞིག་སྟེ། སྨིན་དྲུག་དང་འདྲ་བའི་སྨིན་དྲུག་མང་པོ་ཞིག་ལ་བཏང་བའི་མིག་ཆུའང་ཡིན། འཇིག་རྟེན་འདིའི་མི་མང་པོ་ཞིག་གཡོ་ཟོལ་གྱི་རྩྭ་ཐང་དུ་བརྒྱུགས་ནས་ཁེ་ཕན་གྱི་མེ་ཏོག་ཡོད་ཚད་བཏུས་ཚར་རྗེས། ང་ཁོ་ན་མངོན་ཆུང་གིས་ནམ་མཁའ་མཐོང་ཐུབ་པའི་མཐོ་སྒང་ཞིག་ཏུ་འགྲེངས་ནས་གཡོ་སྒྱུའི་སྤྲིན་ནག་གི་བར་ཆད་དང་བྲལ་ཞིང་། མི་འདོད་གདུག་རྩུབ་ཀྱི་རླུང་གིས་ཁུར་མ་མྱོང་བའི་དྭངས་གཙང་ལྷད་མེད་ཀྱིས་བཞད་པའི་སྨིན་དྲུག་གི་མིག་ཟུང་ལ་སྨོན་པ་ཤོར་ཞིང་སེམས་པ་འཁྲེང་བ་ཡིན།

ལོ་ཟླའི་གཤོག་སྣེ་དུས་ཚོད་ཀྱི་བྲག་ངོས་སུ་འཛད་ནས་ཟད་པའི་གོ་རིམ་ཁྲོད། མིག་གིས་ཟིན་པ་ཡོད་ཀྱང་གམ་དུ་བཅར་ཐབས་མེད་པ་ནི་ང་དང་སྨིན་དྲུག་ཁྲ་མོའི་ལས་དབང་ཡིན་ལ། “བར་ཐག་གིས་མཛེས་པ་བསྐྱེད”ཅེས་པའང་བདེན་དུ་ཆུགས་མོད། སྐབས་མང་པོ་ཞིག་ལ་བར་ཐག་གིས་འཛད་མཐའ་མེད་པའི་སྡུག་བསྔལ་སྟེར། ཁམས་གསུམ་གྱི་ལྗིད་ཚད་ཀྱིས་མི་ཐེག་པའི་སྐྱོ་གདུང་སྟེར། རིགས་དྲུག་གི་གནས་སུ་མི་ཤོང་བའི་ན་ཟུག་སྟེར། དེ་བས། ངའི་ན་ཟུག་དང་སྐྱོ་གདུང་། སྡུག་བསྔལ་དང་ཁེར་རྐྱང་། མིག་ཆུ་དང་ཡིད་ཆད་སོགས་ཀྱི་འབྱུང་ཁུངས་མཐའ་དག་སྨིན་དྲུག་ཡིན་པའི་སྐབས་ཀྱང་མང་པོ་ཡོད་མོད། ངས་སྔར་བཞིན་སྨིན་དྲུག་ཁོ་ན་རང་གི་བདེ་སྐྱིད་ཉག་གཅིག་ཏུ་རློམ་ཡོད། གང་ལྟར། ངས་རང་གི་ཚེ་སྲོག་ཁྲོད་ཀྱི་སྨིན་དྲུག་དང་འདྲ་བའི་མི་མང་པོ་ཞིག་ལ་བཀའ་དྲིན་ཞུ་འོས་ཤིང་། ཁོ་ཚོས་བྱིན་པའི་ཁེར་རྐྱང་གིས་ང་ཚོས་རང་གི་ཚེ་སྲོག་གི་སྙིང་པོ་རྟོགས་སུ་བཅུག་ལ། ཁོ་ཚོས་བྱིན་པའི་སྡུག་བསྔལ་གྱིས་ང་ཚོས་མི་གཤིས་ཀྱི་གཉོམ་སོ་མཐོང་དུ་བཅུག། ཁོ་ཚོས་བྱིན་པའི་ན་ཟུག་གིས་ང་ཚོ་གཞི་ནས་ནར་སོན་དུ་བཅུག་ལ། ཁོ་ཚོས་བྱིན་པའི་མིག་ཆུས་ང་ཚོ་བརྩེ་དུང་ཡོད་པའི་མི་ཞིག་ཏུ་ཆགས་ཐུབ་པ་བྱུང་།

སྐབས་འདིར་སླེབས་དུས། ཁྱེད་ཅག་གིས་སྨིན་དྲུག་ཅེས་པ་བརྩེ་དུང་ཁོ་ནའི་མཚོན་བྱེད་ཀྱི་བུད་མེད་མཛེས་མ་ཞིག་གམ་གང་ཟག་བྱེ་བྲག་པ་ཞིག་ལ་དམིགས་པ་གཏད་ཡོད་ལས་ཆེ། དྲང་མོར་བཤད་ན། ང་ཚོ་མི་རེ་རེའི་ནང་སེམས་སུ་སྨིན་དྲུག་དང་འདྲ་བའི་ལྐོག་གྱུར་གྱི་མི་ཞིག་བསྐུངས་ཡོད་ལ། ལན་རེར་མི་དེས་ང་ཚོར་དྲོད་ཁོལ་རུམ་གང་གཏོར་ངེས་ཤིང་མཚམས་རེར་ང་ཚོར་སྡུག་བསྔལ་སྒྱེ་གང་སྦྱིན་ངེས། ཡང་ན་སྨིན་དྲུག་ནི་ང་ཚོའི་ཚེ་སྲོག་ཁྲོད་ཀྱི་ཆེས་གལ་ཆེ་བའི་མི་དེ་དག་གི་བསྡུས་གཟུགས་སུའང་གྲུབ་རུང་། དེ་ནི་ང་ཚོའི་ཉེ་འཁོར་ན་བརྩེ་བས་བརྟས་པའི་ཨ་མའི་ལག་པ་ཡིན་ཆོག་ལ་ཨ་ཕའི་རྒྱབ་གཟུགས་ཀྱང་ཡིན་རུང་། འོན་ཀྱང་། དེ་བཞིན་གྱི་མི་མང་པོ་ཞིག་ངེས་པར་བཙལ་ན་རྙེད་ཤག་ཤག་ཅིག་དང་བསྒུགས་ན་བསླེབ་ཆོག་ཆོག་ཅིག་ཡིན་པའི་ངེས་པའང་ཁྱོན་ནས་མེད་པ་འདྲ། དེ་ནི་རྒྱང་རིང་གི་མཁའ་དབྱིངས་སུ་ལམ་ལམ་འཚེར་བའི་སྨིན་དྲུག་དང་འདྲ་བར་སེམས་ཀྱིས་མྱོང་ཐུབ་པ་ཞིག་ལས། ལག་པའི་རེག་མི་ཐུབ་པའི་ལྐོག་གྱུར་དང་དངོས་ཡོད་བར་གྱི་གསང་བ་དེ་ཡིན་ཡང་སྲིད། གང་ལྟར། དེ་ལྟ་བུའི་མི་ཞིག་ང་ཚོའི་ནང་སེམས་སུ་གསོན་པས། དགའ་དུས་དགོད་སླ་ཞིང་སྡུག་དུས་ངུ་སྐྱེན་པའི་ངོ་གདོང་མང་པོ་ཞིག་མ་འོངས་པའི་འཚོ་བར་ཡིད་ཆེས་བདོག་ཅིང་སང་ཉིན་གྱི་ཉི་གཞོན་ལ་རེ་སྨོན་འཆང་བ་མ་ཡིན་ནམ། ཡང་ན། ཁ་སང་གི་ཉི་ནུབ་ཞེན་ཆགས་ཀྱི་རི་རྩེ་ནས་རྒས་པར་བྱས་ཡོད།

བདེན་ཏེ། ཁྱེད་ཅག་གི་ནང་སེམས་སུ་མཚར་སྡུག་གིས་བཞད་པའི་སྨིན་དྲུག་དེ། ང་དང་སྨིན་དྲུག་ནང་བཞིན་རྒྱང་རིང་གི་བར་ཐག་ཅིག་ཆོད་ནའང་སྔར་བཞིན་མཛེས་སྡུག་གི་རྨི་ལམ་དང་ཕུགས་བསམ་དུ་སྒོམ་བཞིན་པ་དེ་ཡིན་ནམ། ཁྱེད་ཀྱི་ཉེ་དྲུང་དུ་བསྡད་ནས་འཁོར་བའི་དགའ་སྐྱོ་ཡོད་ཚད་མིག་ཆུ་དང་དགོད་སྒྲས་ཐེག་པའི་བློས་ཐུབ་ཀྱི་མིག་ཟུང་དེ་ཡིན། ཡང་ན་ད་དུང་ཁྱེད་ཀྱི་གམ་ལ་སླེབས་མེད་པ་དེ་དག་ཡིན་ནམ། གམ་ནས་རྒྱང་དུ་ཤོར་ཟིན་པ་དེ་དག་ཡིན། མདོར་ན། སྨིན་དྲུག་ནི་ངའི་ཁེར་རྐྱང་དང་ཁེར་རྐྱང་མ་ཡིན་པའི་སེམས་པ་ཞིག་གི་གྲིབ་གཟུགས་སུ་སྣང་ལ། སྣང་དང་མི་སྣང་བའི་བར་མཚམས་ཀྱི་སྐད་ཅིག་མའི་མགྲོན་པོ་དེ་ཡིན། ཡང་ན་ང་ཚོའི་གམ་དུ་རྒྱུ་བའི་བསིལ་རླུང་བཞིན། ཞོགས་པ་དང་ས་སྲོད་མང་པོ་ཞིག་ལ་ཇི་ལྟར་བཙལ་ཡང་མ་རྙེད་པ་དེ་ཡིན་ལ། ཇི་ལྟར་བསྒུགས་ཀྱང་མ་སླེབས་པ་དེ་ཡིན་ཡང་སྲིད། གང་ལྟར། ང་ཚོ་མི་རེ་རེ་སྨིན་དྲུག་གི་ཆེད་དུ་འཇིག་རྟེན་འདིར་གསོན་པ་ཡིན་ཞིང་སྨིན་དྲུག་གི་སླད་དུ་འཇིག་རྟེན་འདིར་ཤི་འགྲོ་བ་ཡིན།


  • ལེ་ཚན་སྔོན་མ།:དེ་རིང་། ང་ཤུག་སྡོང་འདིའི་འོག་ཏུ་ཁུ་སིམ་ མེར་བསྡད་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།