སྟོན་ཁ་དང་མཛེས་པ།

ལྡེའུ་ནག།        2024-09-13

མདང་ནུབ་མཚམས་སྤྲིན་སེར་པོ་དེ། ང་ཡི་མདུན་ཕྱོགས་ཀྱི་རི་བོ་བརྗིད་ཆགས་པ་དེའི་རྩེ་ནས་ཕར་ལ་ཡལ་རྗེས་སུ། རབ་ཏུ་འཚེར་བའི་མཚམས་སྤྲིན་དམར་སེར་གྱི་ཁ་དོག་དེ་ཉིད་ཀྱིས་གནམ་ས་ཡུག་གཅིག་ཏུ་སྒྲིལ་བའི་ཟོལ་གྱིས་གནས་འདི་རུ་ཡང་ཡང་འཕྲོས། གཏིང་མཐའ་བྲལ་བའི་ས་གཞི་ཆེན་པོ་འདིའི་ཁ་དོག་ཀྱང་བསྒྱུར་ཐུབ་པའི་མཚམས་སྤྲིན་དེ་ཉིད། ཕ་གའི་རི་ལུང་ཆུང་ཆུང་དེའི་ཁུད་ན་ཕོག་དུས། རྩི་ཤིང་ནགས་ཚལ་ཐམས་ཅད་སྔར་དང་མི་འདྲ་བར་མདོག་སྣ་ཚོགས་སུ་འགྱུར་བཞིན་འདུག། དབྱར་གྱི་དུས་སུ་ཤིང་རིགས་དང་། རྩྭ་རིགས་ཐམས་ཅད་སྔོ་ལྟེམ་མེར་ཆབས་ཅིག་ཏུ་སྐྱེས་ཡོད་པས། རྒྱང་ནས་སོ་སོར་དབྱེ་འབྱེད་དཀའ་བ་ཞིག་ཏུ་ཆགས། སྟོན་ཁ་ཚེས་རྗེས་ཀྱི་དོ་ཞག། རྒྱང་རིང་ནས་ཀྱང་རྩི་ཤིང་ནགས་ཚལ་སོ་སོའི་རང་མདོག་དག་མ་འདྲེས་པར་མཐོང་ཐུབ་ཀྱིན་འདུག། དེ་ནི་ཤིན་ཏུ་ངོ་མཚར་བའི་འཇིག་རྟེན་གྱི་འཕེལ་འགྲིབ་ཅིག་དང་། ཡང་ན་ས་གཞི་ཆེན་པོ་འདིས་ངེད་ཅག་ལ་ལྟད་མོར་འབུལ་བའི་བྲོ་གར་འཁྲབ་སྟངས་ཤིག་མིན་ནམ། དུས་སྐབས་དེར་རླུང་བུ་བསིལ་མོ་ཞིག་ང་ཡི་ཉེ་སར་ལྡང་འོང་ཐེངས་རེར། ང་རང་གཞི་ནས་གཉིད་ལས་སད་པ་ལྟ་བུའི་དྲན་ཤེས་ཤིག་གཞི་ནས་རྙེད། བསམ་གཞིག་ཅུང་ཙམ་གཏོང་བའི་མོད་ལ། ངས་དུས་ཚིགས་ཤིག་གི་ཀྱོག་མཚམས་ལ་སླེབས་ཡོད་པ་གཞི་ནས་ཤེས་སོང་། དེ་ནི་ཆར་རྗེས་ཀྱི་དབྱར་ཟླ་ཞོགས་པའི་རྗེས་སུ་སྟོན་ཁ་ཟེར་བའི་དུས་ཚིགས་དེར་སླེབས་ཡོད་པར་ཤེས་སོང་། མདང་ནུབ་མཚམས་སྤྲིན་དེ་ཡིས་ལྗོངས་འདིའི་ཁ་དོག་དམར་ལམ་ལམ་དུ་བསྒྱུར་བ་ནི། དུས་ཚིགས་ཤིག་གི་ཀྱོག་མཚམས་ལ་སླེབས་ཡོད་པའི་བརྡ་ཞིག་བཏང་བ་ཡིན་འདུག་ཅིང་། དེ་ནི་སྟོན་ཀ་ཚེས་འདུག་ཅེས་པའི་བརྡ་རྟགས་ཤིག་དང་། ད་དུང་། སང་ཞོགས་ཁ་བ་འབབ་པའི་སྔོན་བརྡ་ཞིག་ཀྱང་བཏང་བ་ཡིན་འདྲ།

ད་ནངས་ཞོགས་པ་གཉིད་ལས་སད་རྗེས་རི་ལུང་ཐང་གསུམ་ཡོད་ཚད་སྨུག་པ་ལང་ལོང་ཞིག་གིས་ཡོངས་སུ་བཏུམས་འདུག་པས། ངས་རང་གི་སྒེའུ་ཁུང་གི་ཉེ་ས་ཉེ་ས་དག་མ་གཏོགས། དེ་ལས་རྒྱང་རིང་བའི་ཡུལ་ལྗོངས་དག་མཐོང་གིན་མི་འདུག། ཡིན་ཡང་ནམ་གསལ་ལ་ཉེ་བའི་སྐབས་སུ་རླུང་བུ་བསིལ་མོ་ཞིག་ག་ལེ་ག་ལེར་ལྡང་ཐེངས་རེར་ངའི་མདུན་ཕྱོགས་ཀྱི་སྨུག་པ་རྣམས་རླུང་གིས་ཁུར་ཏེ། ང་ཡི་མིག་ཟུང་གིས་རྒྱང་རིང་ཇེ་མཐོང་དང་། ཇེ་གསལ་དུ་གྱུར། ཕ་གའི་རི་བོ་དེ་ཧྲིལ་གྱིས་མི་མཐོང་ན་ཡང་། རི་སྐེད་མན་ཆད་མཐོང་གིན་འདུག། རི་བོ་དེ་དག་གི་རི་སྐེད་ཡན་ཆོད་ཁ་བ་དཀར་པོ་ཞོ་ལྟར་ཆགས་འདུག་པས། ང་ཡི་སེམས་སུ་ད་ནི་དངོས་གནས་སྟོན་ཁ་ཚེས་འདུག་སྙམ་པའི་འདུ་ཤེས་ངང་གིས་སྐྱེས། ཡིན་ཡང་དགོན་པའི་མཐའ་འཁོར་གྱི་ཁོ་ར་ཁོར་ཡུག་ཀུན་ཏུ་ད་དུང་ཆར་འཇམ་ཟམ་ཟིམ་རེ་འབབ་བཞིན་འདུག་ལ། རླུང་བུ་བསིལ་མོ་འགའ་རེའང་རྒྱུ་བཞིན་འདུག། རླུང་བུ་དེ་དག་ལུས་ཀྱི་ཚོར་བས་ཟིན་པ་དང་མི་ཟིན་པའི་ངང་དུ་རྒྱུ་ལམ་རེ་རེས། དགོན་གྱི་ལྕགས་རིའི་ནང་དུ་བསྟར་ལ་བརྒྱུས་པ་ལྟ་བུའི་ཚུལ་དུ་སྐྱེས་པའི་རྒྱ་ལྕང་ལོ་མའི་འདབ་ལོ་དག་རླུང་བུ་གཉོམ་པོ་ཞིག་གིས་ཡར་སྤུར་མར་སྤུར་བྱེད་བཞིན་འདུག། དེ་རིང་ཞོགས་པའི་དུས་ཚིགས་འདི་ནི་ཧ་ཅང་ཁྱད་མཚར་བ་ཞིག་རེད་ལ། དེ་རིང་ཞོགས་པ་འདི་ཧ་ཅང་འཁྱག་པ་ཞིག་ཀྱང་རེད། ཉིན་ཞག་འདི་དག་ཏུ་ང་རང་ལ་རྩོམ་རིག་འབྲི་ཀློག་བྱེད་པའི་མོས་པ་མི་འདུག་ལ། སྙན་ངག་འབྲི་བའི་ཐོལ་ཤེས་དེ་བས་ཀྱང་མི་འདུག། ཡིན་ཡང་། མདང་ནུབ་མཚམས་སྤྲིན་དམར་སེར་དང་། དེ་རིང་ཞོགས་པའི་རང་བྱུང་ཁོར་ཡུག་གི་མཛེས་པ་འདི་ཡིས་ང་ལ《སྟོན་ཁ།》ཟེར་བའི་བརྗོད་གཞི་ཞིག་ངང་གིས་བསྩལ།

འོན་ཀྱང་། ངས་བརྗོད་གཞི་འདི་ཁོག་པའི་ནང་དུ་སྦས་མ་ཐུབ་པར་ཐད་ཀར་ཞོགས་ཇ་འཐུང་ཞོར་དུ《སྟོན་ཁ》ཞེས་པའི་རྩོམ་ཐུང་ཞིག་འབྲི་དགོས་བྱུང་། སྟོན་ཁ་ནི། མའི་སེམས་ཀྱི་ནམ་མཁའ་ལ་མཛེས་སྡུག་སྣ་ཚོགས་ཀྱི་འཇའ་ཚོན་འཁྲིགས་པའི་དུས་ཚོད་ཅིག་རེད་ལ། རང་བྱུང་ཁོར་ཡུག་གི་རང་གཤིས་མངོན་པའི་དུས་ཚིགས་ཤིག་ཀྱང་རེད། སྐབས་ལ་ལར་རླུང་བུ་བསིལ་བསིལ་དུ་ལྡང་བའི་དབང་གིས། ཅུང་ཟད་འཁྱག་པའི་དུས་ཚོད་འདི་ཉིད་ལུས་སེམས་ལ་གཟན་པ་ཞིག་ཡིན་ཡང་། དབང་པོ་རྣམ་ལྔ་ཡོད་ཚད་མག་མོག་ཏུ་བྱས་པའི་དཔྱིད་ཀ་ཞེས་པའི་དུས་ཚིགས་དེ་དང་གཏན་ནས་འདྲ་ཐབས་མི་འདུག། དཔྱིད་ཀའི་དུས་ཚིགས་ནི་མི་སེམས་དང་། མི་གཤིས་ལ་མག་མོག་གི་སྣང་བ་སྟེར་བའི་དུས་ཚོད་ཅིག་རེད། མཛེས་པ་མེད་ཅིང་། འགྲོ་བཞིན་པའི་ངང་ལ་གཉིད་དུ་ཡུར་བའི་དུས་ཚིགས་ཤིག་ཀྱང་རེད། འོན་ཀྱང་། སྟོན་ཁ་ནི་བསིལ་ངད་ལྡན་ཞིང་མིག་ངོར་རང་བྱུང་ཁོར་ཡུག་གི་མཛེས་སྡུག་གི་སྒེག་པ་ངོམས་པའི་དུས་ཚིགས་ཤིག་སྟེ། རང་བྱུང་ཁོར་ཡུག་གིས་མི་སེམས་ལ་འགྱུར་བའི་ངང་ཚུལ་བསྟན་པའི་དུས་ཚིགས་ཤིག་ཀྱང་རེད། དུས་སྐབས་འདིར་མི་རྟག་པ་དང་། འགྱུར་བའི་རང་གཤིས་ལ་བསམ་གཏན་སྒོམ་མཁན་ཞིག་ཡིན་ན། དངོས་པོ་ཡོད་ཚད་སྐད་ཅིག་སྐད་ཅིག་ཙམ་ལ་ཡང་རྟག་བརྟན་མེད་པར་འགྱུར་བའི་ངང་ཚུལ་ཡིན་པ་གཞན་གྱིས་བཤད་པ་ཙམ་མིན་པར། རང་རང་གི་མངོན་སུམ་གྱི་ཡུལ་དུ། བདེན་པ་ར་སྤྲོད་བྱེད་པའི་དུས་ཚོད་ཅིག་ཀྱང་རེད། དེ་བས་སྟོན་ཁ་ནི་དུས་ཚིགས་ཕུན་སུམ་ཚོགས་པ་ཞིག་ཡིན་འདུག་ཨང་།

རེད་ཡ། སྟོན་ཁའི་དུས་ཚིགས་འདིར་སླེབས་དུས། དྲན་པ་རྣམས་བརྗེད་སླ་བ་ཞིག་རེད་ལ། བརྗེད་ཟིན་པ་རྣམས་དྲན་སླ་བ་ཞིག་ཀྱང་རེད་འདུག། ཡིན་ཡང་ལྷན་སྐྱེས་ཀྱི་སེམས་ཁམས་ནི་ག་འདྲ་ཡིན་པ་ཁྲིགས་ཁྲིགས་བཤད་ཐབས་མ་བྱུང་། ངས་དེ་ལྟར་ཟེར་དོན་ནི། དུས་ཚིགས་འདིའི་སྐབས་སུ་མི་སེམས་ལ་མཛེས་སྡུག་གི་རྣམ་པ་སྣ་ཚོགས་ཀྱིས་ཆོ་འཕྲུལ་ངོམས་ཡོང་གི་འདུག། སྐབས་རེར་འཁྱག་སིབ་སིབ་ཀྱི་སྐྱོ་བའི་གདུང་བ་སྣ་ཚོགས་སྟེར་བར་བྱེད་ལ། སྐབས་རེར་ཕྱི་རོལ་ཡུལ་ལྗོངས་ཀྱི་སྟོབས་ཀྱིས་སེམས་ནང་དུ་མཛེས་པ་བསྐྲུན་པར་བྱེད། གང་ལྟར་སྟོན་ཁའི་དུས་ཚིགས་འདིའི་ཁྲོད་ནས་ང་ཡི་ལྷན་སྐྱེས་ཀྱི་སེམས་ཁམས་ག་འདྲ་ཡིན་པ་བཤད་དཀའ་བ་ཞིག་ཏུ་ཆགས་འདུག། མི་རྣམས་ཀྱིས་སྟོན་ཁ་ཚེས་བྱུང་ཞེས་བརྗོད་པ་ལས། དོན་ངོ་མའི་སྟོན་ཁ་དེ་རྟོགས་ཐུབ་ཀྱིན་མེད་པ་འདྲ། དེ་རིང་ཞོགས་པར་ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་དུས་ཚོད་འདི་ནས། ང་རང་ནམ་ཟླ་སྟོན་ཁའི་རང་བཞིན་དང་ཉེ་བར་བཅར་རྗེས་སུ། ངས་སྟོན་ཁ་རབ་རིབ་ཙམ་མཐོང་བྱུང་།

ད་ལོའི་སྟོན་ཁ་ནི་ལོ་སྔ་མའི་སྟོན་ཁ་དང་གཏན་ནས་འདྲ་བཞིན་མི་འདུག། ད་ལྟ་སྟོན་གྱི་ཟླ་བ་གཉིས་པ་ཚེས་ཡོད་ན་ཡང་། ད་དུང་རི་ལུང་གི་ཁ་དོག་སེར་ཐིང་ཐིང་གི་རྣམ་པ་ཞིག་ཀྱང་མ་རེད། ནམ་ཟླ་སྟོན་ཁའི་དོ་ནུབ་གློག་འོད་འཁྱུག་ཅིང་། འབྲུག་སྒྲ་ཡང་ཤིན་ཏུ་ལྡིར་བས། ངའི་སྣང་ངོགས་ལ། འདི་ལྟར་ལོ་ངོ་མང་པོ་ཚུན་ཆད་ལ་དོ་ནུབ་ལྟ་བུའི་གློག་འཁྱུག་པ་དང་། འབྲུག་སྒྲ་གྲགས་པ་ཐོས་མ་མྱོང་། དངོས་གནས་ཁོག་འདར་རྒྱག་དགོས་པ་ཞིག་རེད་ཨང་། སྒེའུ་ཁུང་གི་རབ་གསལ་ཁ་ན་འོད་མེར་གྱི་འཁྱུག་ཡོང་པའི་གློག་འོད་དེ་དག་མཐོང་རྗེས། སྒེའུ་ཁུང་དང་ཅུང་ཟད་བར་ཐག་འགྱེད་འདོད་པའི་སྣང་བ་ཞིག་ཀྱང་སྟེར་འོང་གི་འདུག། དེ་ནི་སྔངས་སྐྲག་ཟེར་བའི་སེམས་བྱུང་དེའི་དབང་གིས་ཡིན་པ་འདྲ།

སྟོན་ཁའི་དུས་ཚིགས་སུ་ངའི་ཕ་ཡུལ་གྱི་མི་རྣམས་ཧ་ཅང་བྲེལ་བའི་དུས་ཚོད་གཅིག་པུ་དེ་ཡིན། དེའི་རྒྱུ་མཚན་ནི་ཁོ་ཚོ་སྟོན་ལས་མེ་འབར་ཞེས་པའི་དུས་ཚིགས་ལ་ཁེལ་ཡོད་པས་ཡིན། ཡིན་ཡང་། དེང་སང་ཕ་ཡུལ་གྱི་མི་རྣམས་སྟོན་ཁ་ཚེས་ན་ཡང་། དེ་ཙམ་བྲེལ་དགོས་ཀྱིན་མེད་པ་འདྲ། ཕ་ཡུལ་གྱི་མི་རྣམས་ཀྱིས་དེང་སང་ཞིང་ལ་ལོ་འདེབས་བཞིན་མེད་པས་རྗེས་སུ་སྟོན་ཁར་སླེབས་དུས་ཁོ་ཚོ་སྔར་བཞིན་སྟོན་ལས་མེ་འབར་ལ་བྲེལ་དགོས་ཀྱིན་མི་འདུག། ངའི་ཕ་ཡུལ་ནི་དྲོ་གྲང་ཁོད་སྙོམ་པའི་ཡུལ་གྲུ་ཞིག་ཡིན་པས། ཞིང་ལ་འབྲུ་དྲུག་སྣ་ཚོགས་སྐྱེས་པ་དང་། རྩི་ཤིང་ནགས་གསུམ་འཛོམས་པའི་མཐོ་སྒང་གི་ཡུལ་གྲུ་མཛེས་ས་ཞིག་ཀྱང་ཡིན། མ་ཟད་ང་ལ་མཚོན་ན། རང་ཉིད་སྐྱེས་ས་འཚར་སའི་ཕ་ས་ཕ་ཡུལ་འདི་ནི་ཧ་ཅང་མཛེས་སྡུག་གིས་ཁྱབ་པའི་ཡུལ་གྲུ་ཞིག་ཡིན་པའི་སྣང་བ་དུས་ནམ་ཡང་འགོག་མེད་དུ་སྐྱེས། དེ་ནི་མི་སུ་ལ་ཡང་མངའ་བའི་ལྷན་སྐྱེས་ཀྱི་ཞེན་འཛིན་ཞིག་ཡིན་པ་འདྲ། འོན་ཀྱང་དོ་ཞག་དབྱར་དུས་སུ་སྐྱེས་པའི་རྩི་ཤིང་ནགས་ཚལ་ཐམས་ཅད་ཉིན་རེ་ནས་ཉིན་རེ་བཞིན་མདོག་འགྱུར་བར་མ་ཟད། ཤིང་སྡོང་གི་ཡལ་གའི་རྩེ་ནས་ལོ་མ་རྣམས་ས་ལ་གཅིག་འཐོར་གཉིས་འཐོར་བཞིན། སྟོན་ཁ་ཧྲིལ་གྱིས་ཚེས་ཡོད་ན་ཡང་། ད་དུང་ངའི་ཡིད་ཡུལ་ན་ཡུལ་ཕྱོགས་འདི་ནི། ཤིན་ཏུ་མཛེས་སྡུག་ལྡན་པ་ཞིག་རེད། འཁོར་བའི་མི་རྣམས་ཀྱིས་སྟོན་ཁའི་དུས་ཚིགས་ལ་འཕྱ་སྨོད་དང་། ཁྲེལ་དགོད་སྣ་ཚོགས་བྱེད་བཞིན་དུས་ཚིགས་འདི་ནི་མཛེས་སྡུག་ཅི་ཡང་མེད་པའི་དུས་ཚིགས་ཤིག་ཡིན་པར་བཤད་ནའང་། ངས་ནི་དུས་ཚིགས་འདི་ཉིད་མཛེས་པ་ཅི་ཡང་མེད་པ་ཞིག་རེད་ཅེས་བཤད་མི་ཕོད།

ནམ་ཟླ་སྟོན་ཁ་ལགས་བཀའ་དྲིན་ཆེ། ཁྱོད་ཀྱི་རང་གཤིས་ཀྱིས་ང་ལ་རྩོམ་རིག་གི་སྒོ་མོ་ཕྱེས་སོང་། མཛེས་སྡུག་གི་མེ་ལོང་བསྟན་སོང་། འཇིག་རྟེན་རྒྱ་ཆེན་པོ་འདིའི་འོག་ནས། སུན་སྣང་གི་འཚོ་བའི་ཁྲོད་དུ། ཉིན་མ་ཆོད་ཐབས་དཀའ་བའི་གཞོན་པ་བདག་ཉིད། ཁྱོད་ཀྱིས་འཆར་ཡན་གྱི་ནགས་ཚལ་སྟུག་པོའི་གསེབ་ཏུ་ངང་གིས་ཁྲིད་སོང་། ལོ་གཞུག་མར་ཡང་། ཁྱོད་ཀྱིས་བདག་ལ། ད་ལོ་ལས་ལྷག་པའི་རྩོམ་རིག་འབྲི་བའི་འཆར་ཡན་དང་། དུང་བ་དཔག་ཏུ་མེད་པ་ཞིག་འདྲེན་ཐུབ་པར་སྨོན་ནོ། །


  • ལེ་ཚན་སྔོན་མ།:དགེ་རྒན་དུས་ཆེན་གྱི་མགྱོགས་བྲིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།