སྤྱི་ཟླ9པའི་ཚེས5ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་རྡོ་ར་དཀར་མོའི་ལྗོངས་ཁུལ་དུ2024ལོའི་དར་མདོ་གྲོང་ཁྱེར་གྱི་མི་ཉག་རིག་གནས་ཡུལ་སྲོལ་གཟའ་འཁོར་སྐབས་གཉིས་པ་དངོས་སུ་འགོ་ཚུགས་པ་རེད།
འགོ་ཚུགས་མཛད་སྒོའི་ཉིན་དེར་དར་མདོ་གྲོང་ཁྱེར་གྱི་ས་གནས་ཁག་གི་མང་ཚོགས་ཁྲི་སྟོང་མང་པོ་དང་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་གང་མང་ད་ཐེངས་ཀྱི་ངོ་མཚར་ཆེ་བའི་རིག་གནས་ཀྱི་དགའ་སྟོན་བྱེད་སྒོར་ཞུགས། མི་ཉག་ས་ཁུལ་ནས་ཡོང་བའི་གླུ་གར་འཁྲབ་སྟོན་པ་བརྒྱ་ཕྲག་ཁ་ཤས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་གོས་རྒྱན་སྤྲས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས་ནས་ཡུལ་དངོས་ཀྱི་ལྟད་མོ་བ་ཚོར་མཐོང་ཚོར་དང་ཐོས་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད། འགོ་ཚུགས་མཛད་སྒོར་མི་ཉག་རིག་གནས་སྒྱུ་རྩལ་དངོས་མང་སྟོན་ཚོགས་ལྟེ་གནས་ཀྱི“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལག་ལེན་རྟེན་གཞི”དང“མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ལག་ལེན་རྟེན་གཞི”ཡི་སྒོ་བྱང་སྤྲད་པའི་མཛད་སྒོ་སོགས་ཀྱི་བྱེད་སྒོ་སྤེལ་ནས་མི་ཉག་རིག་གནས་ཡུལ་སྲོལ་གཟའ་འཁོར་གྱི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
ཐེངས་འདིའི་མི་ཉག་རིག་གནས་ཡུལ་སྲོལ་གཟའ་འཁོར་གྱི་བྱེད་སྒོ་དེ་སྤྱི་ཟླ9པའི་ཚེས3ཉིན་ནས་སྤྱི་ཟླ9པའི་ཚེས10ཉིན་བར་སྤེལ་ཡོད་པ་རེད། དུས་ཡུན་གཟའ་འཁོར་གཅིག་གི་དུས་ཚོད་ནང་བྱེད་སྒོ་སྤེལ་ཡུལ་དུ་ངོ་མཚར་ཆེ་བའི་མི་རིགས་ཀྱི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། མི་ཉག་གི་ལྷ་མོའི་ཟློས་གར་གྱིས་བོད་རིགས་མི་དམངས་ཀྱི་བློ་གྲོས་དང་སྒྱུ་རྩལ་གྱི་འཇོན་ཐང་མངོན་པ་དང་། གླུ་གཞས་དང་གཏམ་བཤད་ཀྱི་ཐོག་ནས་བོད་རིགས་མི་དམངས་ཀྱི་རོལ་དབྱངས་དང་སྐད་ཆའི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། མདའ་འཕེན་འགྲན་སྡུར། བོད་མི་རིགས་ཀྱི་དགོད་བྲོའི་ལུས་རྩལ་འགྲན་སྡུར། རྟ་རྒྱུག། རྟ་རྩལ་འཁྲབ་སྟོན་བཅས་ལས་བོད་རིགས་མི་དམངས་ཀྱི་དཔའ་སྟོབས་དང་ལུས་རྩལ་གྱི་སྙིང་སྟོབས་མངོན་ལ། སྲོལ་རྒྱུན་གྱི་མི་རིགས་ཀྱི་གྱོན་ཆས་འགྲེམ་སྟོན་ཐོག་ནས་བོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་གོས་རྒྱན་དང་རིག་གནས་མངོན་ཡོད་པ་རེད།། འཁྲུག་ཆ་དོད་པའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་ས་གནས་དེ་གའི་མང་ཚོགས་དང་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་ཚོར་རིག་གནས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་བ་རེད། ཐེངས་འདིའི་མི་ཉག་རིག་གནས་ཡུལ་སྲོལ་གཟའ་འཁོར་བྱེད་སྒོ་སྤེལ་ཡུལ་རྡོ་ར་དཀར་མོ་ལྗོངས་ཁུལ་གྱིས་ཁྲོན་བོད་ཡུལ་སྐོར་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒོ་དང་མི་ཉག་རིག་གནས་འཚོལ་ཞིབ་གཏིང་ཟབ་བྱ་ཡུལ་བསྐྲུན་རྒྱུར་ཤུགས་བསྣན་རྒྱུ་ཡིན་ལ། ལྗོངས་ཁུལ་ནང་གི་སྒོ་འཛིན་རིན་མེད་ཡིན་པའི་མི་ཉག་རིག་གནས་སྒྱུ་རྩལ་དངོས་མང་སྟོན་ཚོགས་ལྟེ་གནས་སུ་དཔེ་དེབ་ཁྲི30ལྷག་ཙམ་ཉར་ཚགས་བྱས་ཡོད་པར་མ་ཟད། རྒྱལ་ནང་གི་ཆེས་ཁྱོན་ཡོངས་དང་ཆེས་ཕུན་སུམ་ཚོགས་པའི་མི་ཉག་གི་ལོ་རྒྱུས་དང་། རིག་གནས། སྒྱུ་རྩལ། དམངས་སྲོལ་འགྲེམ་སྟོན་བཅས་དང་དེ་བཞིན་སྒྱུ་རྩལ་ཐོན་རྫས་དང་རིག་གནས་ཆེད་དོན་འགྲེམ་སྟོན་སྣ་ཚོགས་ཀྱང་ཡོད་པ་རེད། “མི་ཉག་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེ་ནི་ཉེ་རབས་དང་དེང་རབས་ཀྱི་ཁམས་མི་ཉག་ས་ཁུལ་གྱི་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་རིག་གནས་སྒྱུ་རྩལ་ལ་ཟེར་ཞིང་། ལོ་རྒྱུས་ཡུན་རིང་ལྡན་པ་དང་ནང་དོན་ཕུན་སུམ་ཚོགས་པོ་ལྡན་ཡོད། དེའི་ཐུན་མོང་མ་ཡིན་པའི་དམངས་སྲོལ་དང་། རོལ་དབྱངས། ཞབས་བྲོ། གོས་རྒྱན་སོགས་ཀྱི་ཐད་ནས་སྐད་གྲགས་ཆོད་ཡོད། མིག་སྔའི་གོ་ལ་ཧྲིལ་པོ་ཅན་དང་སྣ་མང་ཅན་གྱི་དུས་རབས་ཀྱི་རྒྱབ་ལྗོངས་འོག་མི་ཉག་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་དར་སྤེལ་བཏང་ཚེ་མི་རིགས་ཁག་གི་མཐུན་སྒྲིལ་དང་དར་རྒྱས་ལ་སྐུལ་འདེད་གཏང་ཐུབ། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གཟུགས་མེད་རིག་གནས་ཤུལ་བཞག་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། བྱེད་སྒོ་འདི་འདྲ་སྤེལ་བ་བརྒྱུད། མི་དེ་བས་མང་པོས་མི་རིགས་རིག་གནས་དམིགས་བསལ་བ་འདི་དག་ཤེས་རྟོགས་དང་ངོས་འཛིན་ཐུབ་རྒྱུ་རེད་ཅེས་བཤད། དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་རྡོ་ར་དཀར་མོའི་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་དར་མདོ་གྲོང་ཁྱེར་གྱི་མི་ཉག་རིག་གནས་ཡུལ་སྲོལ་གཟའ་འཁོར་བྱེད་སྒོ་སྐབས་གཉིས་པ་སྤེལ་བ་དེས་ས་གནས་རང་གི་མང་ཚོགས་དང་ཡུལ་སྐོར་བར་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པར་མ་ཟད། མི་རིགས་ཁག་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་ལས་སྟེགས་ཤིག་ཀྱང་བཏོད་ཡོད་ལ། བྱེད་སྒོ་འདི་རིགས་སྤེལ་བ་བརྒྱུད་ས་གནས་རང་གི་མི་རིགས་རིག་གནས་ཕུལ་བྱུང་དེ་བས་ལེགས་པའི་སྒོ་ནས་བརྒྱུད་འཛིན་དང་དར་སྤེལ་བཏང་སྟེ་མི་རིགས་ཁག་གི་མཐུན་སྒྲིལ་དང་དར་རྒྱས་ལ་སྐུལ་འདེད་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་དར་མདོ་ཐུན་མོང་ཐོག་བསྐྲུན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།རྩོམ་སྒྲིག་པ། མགར་རྒྱལ་སྲས།