ཧ་ཅང་ཐང་ཆད་པའི་དུས་སུ།

        2024-09-09

ང་རང་ཧ་ཅང་ཐང་ཆད་པའི་དུས་སུ། ལུས་སེམས་གཉིས་ཀ་མོག་མོག་པོར་གྱུར་ཏེ་གཞན་སུ་ལའང་ཁ་བརྡ་དང་འབྲེལ་འདྲིས་བྱེད་མི་མོས་པར་ཆགས་འགྲོ་བཞིན་འདུག མ་གཞི་འཁོར་བའི་རྒྱ་ལམ་རིང་མོ་ན། དཀའ་སྡུག་གི་འཁྲུལ་སྣང་འབའ་ཞིག་གིས་སྡུག་བསྔལ་གཏད་བཞིན་ཡོད་པ་ལས། དོན་དམ་པའི་བདེ་སྐྱིད་ཅིག་དུས་རྟག་ཏུ་རྙེད་དུ་མེད་པ་ནི་ང་ཚོ་མི་རེ་རེ་ལ་ངེས་ཤེས་ཟབ་མོ་རེ་དྲངས་ཡོད་ངེས། ཡིན་ཡང་ཆ་མེད་པའི་འཚོ་བ་རབ་རིབ་ཀྱི་ཁྲོད་ནས་སྐབས་འགར་ལུས་སེམས་ལ་བག་ཕེབས་པའི་འཚོ་བ་རེ་རྙེད་སྲིད་མོད། འོན་ཀྱང་དེ་ནི་རྟག་བརྟན་མེད་པར་གནས་སྐབས་ཙམ་ཞིག་སྟེ། འབྲུག་སྒྲ་དང་། གློག་འོད་འདྲ་བའི་བདེ་སྐྱིད་ཉི་ཚེ་བ་དེ་ཚོས་ལུས་སེམས་ལྷོད་ལ་འབབ་ཐུབ་བཞིན་མེད་པ་འདྲ།

དུས་རྟག་ཏུ་བདེ་སྐྱིད་ཀྱི་འོད་སྣང་ཞིག་ང་ལ་དགོས་ཞེས་བཤད་ན། དེ་ནི་རང་ཉིད་ཧ་ཅང་འདོད་པ་ཆེ་བའི་རིགས་ཀྱི་སྲེད་པ་ཞིག་ཡིན་ནའང་། འཚོ་བའི་ལོ་ཟླ་འདི། ཉིན་གཅིག་གི་དུས་ཚོད་ཁོ་ན་ཡིན་པའི་དབང་དུ་བཏང་ན། དེའི་ནང་ནས་ངའི་ལུས་སེམས་ལ་ཐང་མི་ཆད་ཅིང་ཁུ་སིམ་ལྡན་པའི་དུས་ཚོད་གཅིག་དང་གཉིས་ཙམ་ལས་མི་འདུག། ལྷག་པོའི་དུས་ཚོད་མཐའ་དག་གི་བར་སྟོང་ནི་ཧ་ཅང་ངལ་དུབ་དང་ཐང་ཆད་པའི་གནས་སུ་ལྷུང་བཞིན་འདུག། ང་ནི་རྒྱུན་པར་རང་གི་ཉིན་རེའི་འཚོ་བ་ལ་སྡོམ་རྒྱག་མཁན་ཞིག་ཡིན་ཕྱིར། ཞོགས་པ་གཉིད་སད་པ་ནས་བཟུང་དགོང་མོར་ས་མ་རུབ་ཀྱི་བར་དུ་ཉིན་གཅིག་གི་བྱུང་རིམ་མཐའ་དག་བློ་རུ་འཛིན་བཞིན་ཤོག་ངོར་ཟིན་བྲིས་སུ་འབེབས་བཞིན་ཡོད། རེད་ཡ། མ་གཞི་ལུས་སེམས་གཉིས་ཐང་ཆད་ཚུལ་གཏན་ནས་འདྲ་བཞིན་མི་འདུག། ལུས་ཀྱི་ངལ་དུབ་ནི་ཅི་ལྟར་རྒོད་ན་ཡང་ཉིན་ཞག་གཅིག་གཉིས་ཤིག་གི་རྗེས་ནས་མེད་པར་ཆགས་འགྲོ་བ་ཞིག་རེད། ཡིན་ཡང་། སེམས་ཀྱི་ངལ་དུབ་ནི་དུས་ཚོད་ཇི་ལྟར་འདས་ཀྱང་སུན་དབྱུང་ཐབས་མེད་པ་ཞིག་རེད་འདུག། དེ་འདྲའི་སེམས་ཀྱི་ངལ་དུབ་རེ་རེས་དྲངས་པའི་ཐང་ཆད་པའི་འཚོ་བ་རེ་རེས་ང་ཚོ་ལ་དུས་གཏན་དུ་སྐྱོ་གདུང་གི་གཙང་པོ་འདྲེན་འོང་།

མི་སེམས་འདི་ཧ་ཅང་འདོད་སྲེད་ཀྱི་ཀློང་ན་ཆགས་པའི་མེ་ལོང་ཞིག་དང་འདྲ་བས། དེ་ཡི་ངོགས་སུ་འཆར་བའི་རྣམ་རྟོག་གི་རི་མོ་གསལ་ལ་མི་གསལ་བ་དེ་དག་དུས་གཏན་དུ་སེལ་ཐབས་མེད་ན་ཡང་། སེམས་གཅོང་དང་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་མཐའ་དག། སྐད་ཅིག་མ་ཞིག་ལ་ཕྱགས་མ་ཞིག་གིས་འཕྱག་པར་འདོད་པའི་ངལ་བ་རྩོམ་ན་ཡང་། དེ་ནི་སྟོང་བསམ་རང་རེད་འདུག་ཅིང་། ད་དུང་ལུས་སེམས་གཉིས་ཀ་ཧ་ཅང་ཐང་ཆད་པའི་གནས་ཚུལ་མང་པོ་ཞིག་ཆུ་འཛིན་བཞིན་འཁྲིགས་འོང་གི་འདུག་ལ། རི་བོ་བཞིན་རྩིག་འོང་གི་འདུག། དེ་ནི་སུ་ལའང་འཁང་ར་མེད་པར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འཁོར་སྟངས་ཤིག་ཡིན་པ་འདྲ།།

༼ ལྡེའུ་ནག། ༽


  • ལེ་ཚན་སྔོན་མ།:ཟླ་འོད་མེད་པའི་མཚན་མོ།
  • ལེ་ཚན་རྗེས་མ།:མཚན་ལྡན་དགེ་རྒན་འདེམ་པ།