ཞེ་སྨྲེང་བའི་མགུར།

སྨྱུག་རྫི།        2024-09-06

      དགུང་མཚམས་སྤྲིན་འགུལ་བའི་ཆུ་བོ་ཡི་རླབས་ཕྲེང་། །

འདར་འདར་ནས་ཉི་མའི་འོད་ཟེར་ལ་མ་རེག །

དགུན་གྲང་ངར་སྤུ་གྲིའི་སོ་ཁ་ལ་ལྷག་ནས། །

ལུས་ལྗོན་པ་མི་འཁྱག་འདུན་པ་རང་ལོས་ཡོད། །

ཆབ་ཆུ་བོའི་བཞུར་རྒྱུན་འགྲམ་དར་གྱི་འོག་ནས། །

མདོ་ཉིན་མཚན་གཉིས་ལ་མཐོང་རྒྱུ་ཞིག་མེད་ཀྱང་། །

མཚོ་མེ་ལོང་འདྲ་བོ་ས་གཞི་ལ་འཁྱིལ་ཏེ། །

ཤེལ་ཟླ་བའི་གཟུགས་རིས་འཆར་རྟེན་ཙམ་ཡོང་རོགས། །

གཉེན་ཉེ་བའི་ཕྱོགས་ལ་ཞེན་ཆགས་ཀྱིས་ཞུགས་ནས། །

ངག་སྙན་མོའི་ལོ་མ་ཕངས་མེད་དུ་གཏོར་བ། །

ལོ་ཟླ་བ་བཞུད་པའི་གཏམ་རྒྱུད་རང་ཡིན་ན། །

བདག་འཛིན་པའི་འཆིང་བ་འདོར་ཐབས་ཤིག་མི་འདུག །

ཞེ་འཁྲེང་བའི་རང་ཡུལ་རྒྱབ་ཕྱོགས་སུ་བསྐྱུར་ཏེ། །

རི་ལུང་པའི་ཕུ་མདའ་གྲངས་མེད་ཅིག་བརྒལ་རྗེས། །

རྒྱང་ས་མཐའི་གྲོང་དུ་ལོ་མང་ལ་འཚོས་ནས། །

ཅི་འདི་མིན་ངང་ནས་ཚེ་མཇུག་ལ་རན་སོང་། །

དྲིན་ཕ་མའི་བརྩེ་བའི་མིག་ཟུང་གི་མཐའ་ལ། །

ཆུ་འོ་མ་འཁྱིལ་བའི་ངང་ཚུལ་དེ་དྲན་ཚེ། །

སེམས་སྨྲེང་བའི་འཕྲིན་པ་ཤོག་ངོས་སུ་བྲིས་ནས། །

བྱ་ཁྲུང་ཁྲུང་ཞིག་ལ་བསྐུར་འདོད་ཀྱིས་ཁེངས་སོང་། །

མི་ཕལ་བའི་གཤིས་ལ་འབྲལ་མེད་ཀྱིས་ཡོད་པ། །

ཚུལ་འཆོས་ཀྱི་གཟིག་ལྤགས་མཐུག་པོ་དེ་ཡིན་པས། །

མཛེས་འཛུམ་པའི་མེ་ཏོག་བཙན་ཐབས་ཀྱིས་ངོམ་པའི། །

སེམས་ཁྲེལ་བའི་ཉིན་མཚན་ཚར་རྒྱུ་རང་མི་འདུག །

ཞེ་སྡང་བའི་དགྲ་ཞེས་གཙེ་བའི་ཡུལ་བྱས་ཤིང་། །

ཚིག་སྤུ་གྲི་རྣོན་པོས་ཡང་ཡང་དུ་བསྣུན་ནས། །

སེམས་ནོར་འཛིན་སྟེང་ལ་རྨ་ཁ་ཞིག་བཟོས་པ། །

ཚེ་གཅིག་ལ་ཐོབ་པའི་གོ་སྐལ་དུ་རློམ་འདུག །

རང་སྡེ་བའི་ཡུལ་མི་འཇའ་ཚོན་གྱི་དོད་དུ། །

མིག་མེ་ལོང་ངོས་སུ་ཁ་དོག་གིས་མཛེས་ཀྱང་། །

ཡུན་མི་བརྟན་འཆི་བའི་ལམ་འཕྲང་བརྒལ་དགོས་པ། །

ལས་ལྡོག་མེད་སྐྱེ་འཆིའི་ཟློས་གར་ཞིག་ཡིན་སོང་། །

ལུས་གཟུགས་གཞི་བྲི་བའི་སྟངས་ཀ་དེ་མངོན་ཞིང་། །

རླུང་གསེར་བུ་ལྡང་བའི་ཤུར་སྒྲ་ལ་མཉན་ན། །

རི་ལུང་བའི་ཁ་དོག་སྐྱ་བོ་ལ་གྱུར་ནས། །

བྱ་བྱིའུ་ཡི་སེམས་པ་བར་སྣང་ནས་སྐྱོ་ཡོང་། །

རྩྭ་ཡར་སྐྱེས་བཅུད་ཀྱི་བདུད་རྩི་ཡིས་སྟོང་བ། །

སའི་དྲོད་ཁོལ་ཉམས་པའི་མཚོན་དོན་གྱི་དངོས་པོ། །

རྐང་འཁར་བར་བརྟེན་པའི་ཉམ་ཆུང་གི་དུད་འགྲོས། །

སྤང་གཡུ་ཡི་གཡུང་དྲུང་སྔོན་པོ་དེ་དྲན་སོང་། །

ཡར་གཟིགས་དང་མཁའ་ཡི་མེ་ལོང་གི་ངོས་སུ། །

མདངས་མིག་ལ་མཛེས་པའི་འོད་ཅན་གྱི་མེ་ཟླུམ། །

ལར་རི་ཡི་ཐོད་དུ་ཉིན་བཞིན་དུ་འཁོར་ཡང་། །

དྲོད་བརྩེ་བའི་ཕྱག་ལག་མངོན་རྒྱུ་ཞིག་མ་བྱུང་། །

མར་ལྟོས་དང་སྲ་ཞིང་འཐས་པ་ཡི་ས་གཞི། །

ཕ་མེས་པོའི་འདུན་པ་ཆེ་ས་དེ་ཡིན་ཡང་། །

དགུན་དྲི་མའི་ཐལ་རྡུལ་ཆིལ་ཆིལ་གྱིས་ལངས་ནས། །

ད་དོན་དམ་ཆོས་ལ་ཡིད་རྟོན་རང་མི་འདུག །

 

 

 

  • ལེ་ཚན་སྔོན་མ།:ཟླ་སྒྲོན་བདག་ལ་ཡང་བསྐྱར་སྙན་ངག་ཅིག་གྱེར་རོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།