ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་དང་མཇལ་འཕྲད་གནང་།

        2024-09-05

 སྤྱི་ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུ་སཱ་དང་མཇལ་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་འགན་པས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བ་དེ་དུས་རབས་གསར་པའི་ཆ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཛའ་གྲོགས་ནི་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་གཅིག་སེམས་གཅིག་གཏད་དང་། རྒྱལ་ཁབ་འཕེལ་རྒྱས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཕན་ཚུན་རོགས་སྐྱོར་མཉམ་འགྲོགས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དོན་གཉེར་བྱེད་པའི་མཐུན་སྒྲིལ་མཉམ་ལས་བཅས་ལས་བྱུང་བ་ཞིག་རེད། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འཁོར་བའི་ལོ་ཡིན་ལ། ལྷོ་ཨ་ཧྥེ་རི་ཁ་གསར་པ་དབུ་བརྙེས་ནས་ལོ་ངོ30འཁོར་བའི་ལོ་ཡང་ཡིན། མ་གཞི་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེ་ཡང་། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་དེང་རབས་ཅན་དོན་གཉེར་བྱེད་པའི་ལས་འགན་ལ་འགྱུར་བ་བྱུང་མེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འདུན་པར་འགྱུར་བ་བྱུང་མེད་ཅིང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བའི་འདུན་པར་འགྱུར་བ་བྱུང་མེད། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་རྒྱག་པ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་འཕེལ་རྒྱས་སྟོབས་ཆེར་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་མཐུན་པས། དུས་རབས་ཀྱི་དོན་སྙིང་དང་འཛམ་གླིང་གི་ཤུགས་རྐྱེན་གལ་ཆེན་ལྡན་ཡོད།

     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བའི་ངེས་གནས་གསར་པར་དམིགས་ཏེ། ཕྱོགས་གཉིས་པོས“ཁ་ཕྱོགས་གསུམ”སྟངས་འཛིན་ཡག་པོ་བྱ་དགོས། དེ་ཡང་། གཅིག་ནི་ཐུན་མོང་ཡར་རྒྱས་ཀྱི་ཆབ་སྲིད་ཁ་ཕྱོགས་ཡིན་ཞིང་། ཆུ་ཚད་མཐོ་བའི་འཐབ་ཇུས་ཕན་ཚུན་ཡིད་ཆེས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པར་སྣེ་ཁྲིད་བྱ་དགོས། གཉིས་ནི་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ཁ་ཕྱོགས་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་རྩེ་རིམ་ཇུས་འགོད་འཐུས་ཚང་དུ་གཏོང་བ་དང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། ཨང་ཀི་དཔལ་འབྱོར་དང་མི་ཐབས་རིག་ནུས། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། གསུམ་ནི་མི་རབས་ནས་མི་རབས་བར་མཛའ་གྲོགས་ཀྱི་དམངས་འདོད་ཁ་ཕྱོགས་ཡིན་ཞིང་། མི་ཤུགས་ཐོན་ཁུངས་གསར་སྤེལ་སྤེལ་རེས་མཉམ་ལས་ལ་ཤུགས་རྒྱག་པ་དང་། ལས་རིགས་སློབ་གསོའི་དཔེ་སྟོན་སློབ་གྲྭ་དང་ལས་རིགས་གསོ་སྦྱོང་ལྟེ་གནས་ཀྱི་ལས་གཞི་ལ་སྐུལ་འདེད་མགྱོགས་སུ་བཏང་ནས། ལྷོ་ཨ་ཧྥེ་རི་ཁའི་གཞོན་ནུ་ཚོར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་ཞིབ་འཇུག་སྦྱོང་བརྡར་གྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱ་དགོས།

     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་མཉམ་ལས་ཀྱི་དཔེ་མཚོན་དང་རྒྱལ་སྤྱིའི་ཐོག་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པར་སྣེ་ཁྲིད་བྱེད་པའི་དར་ཆ་ལྟ་བུ་ཞིག་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་ད་ཐེངས་ཀྱི་དབུ་ཚོགས་ཐོག་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ངེས་གནས་གསར་པ་གཏན་འཁེལ་བྱས་ཏེ། ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ཐབས་ལམ་ལ་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་གཞི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད་པས། ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ལ་འབྱེད་པའི་སྒོ་མོ་ཇེ་ཆེར་འགྲོ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁ་སོགས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་དང་མཉམ་ལས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་བཏོད་ཐོག། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཡག་པ་ཡོང་ངེས་རེད།

     ཞི་ཅིན་ཕིང་གིས་བསྟན་གནང་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པས། མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་དང་འཕྲད་ཡོད། རྒྱལ་སྤྱིའི་གནས་བབ་ཇི་ཙམ་རྙོག་འཛིང་ཆེ་ན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་དེ་ཙམ་གྱིས་རང་བཙན་རང་བདག་དང་མཐུན་སྒྲིལ་རོགས་ལས་མཐའ་འཁྱོངས་བྱས་ནས། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ཐུན་མོང་ཐོག་སྲུང་སྐྱོང་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁ་དང་རྒྱལ་སྤྱིའི་ཕྱོགས་མང་རོགས་ལས་ལ་ཤུགས་རྒྱག་འདོད་ཡོད་ལ། ལྷོ་ཨ་ཧྥེ་རི་ཁས་སང་ལོར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་འགན་འཁུར་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན།

     ལཱ་མཱ་ཧྥུ་སཱ་ཡིས་བསྟན་དོན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་ཐེངས་བཞི་པ་གནང་བ་ཐུགས་གྲ་ལེགས་འགྲིག་བྱུང་ཡོད་པ་དང་། ང་ཚོས་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ25འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་ཏེ། ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དེ“རྫོགས་ལྡན་དུས་རབས”སུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོར་ཆབ་སྲིད་ཐད་ཚད་མཐོའི་ཕན་ཚུན་ཡིད་ཆེས་དང་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ལྡན་ཡོད་པས། གནད་དོན་མང་པོའི་ཐད་ལངས་ཕྱོགས་འདྲ་མཚུངས་དང་དམིགས་ཡུལ་གཅིག་མཐུན་ཡིན། དཔལ་འབྱོར་ཉོ་ཚོང་མཉམ་ལས་ནི་འདྲ་མཉམ་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་ལ་བརྟེན་ཡོད་པ་དང་། འབྲེལ་བ་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལེགས་གྲུབ་ལྡན་པའི་ངང་འཚོགས་པར་རྟེན་འབྲེལ་ཞུ་ཡིན་ལ། ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེས་ལྷོ་ཨ་ཧྥེ་རི་ཁ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་གཞན་དག་ལ་གོ་སྐབས་དེ་བས་མང་པ་མཁོ་འདོན་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད། ལྷོ་ཨ་ཧྥེ་རི་ཁས་མུ་མཐུད་ཀྲུང་གོའི་ཡིད་རྟོན་རུང་བ་དང་བློས་འགེལ་ཆོག་པའི་གྲོགས་པོར་འགྱུར་བར་བྱས་ནས། ཀྲུང་གོ་ཕྱོགས་དང་དུས་རབས་གསར་པའི་ཆ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གོ་སྐབས་སུ་བྱས་ཐོག། དཔལ་འབྱོར་ཉོ་ཚོང་མ་འཇོག་དང་། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ་གསར་པ། དབུལ་པོ་ཉུང་གཏོང་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བ་དང་། མི་ཆོས་རིག་གནས་སྤེལ་རེས་དང་སློབ་གསོ་རིག་གནས་མཉམ་ལས་དམ་ཟབ་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་དང་། ལྷོ་ཨ་ཧྥེ་རི་ཁའི་དེང་རབས་ཅན་མངོན་འགྱུར་ཡོང་བར་རོགས་རམ་བྱེད་འདོད་ཡོད། ལྷོ་ཨ་ཧྥེ་རི་ཁས་མུ་མཐུད་དེ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་གི་མཉམ་ལས་ཀྱིས་ལྷོ་ཨ་ཧྥེ་རི་ཁ་ཚུད་པའི་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ལ་ཕན་པ་མང་པོ་བསྐྲུན་ཡོད། ལྷོ་ཨ་ཧྥེ་རི་ཁས་ཀྲུང་གོ་ཕྱོགས་ནས་ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལེགས་པར་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཐུན་སྒྲིལ་ལ་ཤུགས་རྒྱག་པ་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་སྟེ། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐུན་མོང་གོང་འཕེལ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། ལྷོ་ཨ་ཧྥེ་རི་ཁས་ཀྲུང་གོ་དང་པ་ཙེར་གྱི་ཆབ་སྲིད་ལ་བརྟེན་ནས་ཡུག་རེན་གྱི་གནད་དོན་ཐག་གཅོད་བྱེད་པའི“ཐུན་མོང་ངོས་འཛིན་དྲུག”ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་ཕྱོགས་ནས་ལྷོ་ཨ་ཧྥེ་རི་ཁས་ན་ནིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་མོལ་གཙོ་གཉེར་བྱས་པའི་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷོ་ཨ་ཧྥེ་རི་ཁ་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་འབོ་གསེར་རྒྱལ་ཁབ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་གི་འབྲེལ་གཏུག་རོགས་ལས་དམ་ཟབ་བྱེད་འདོད།

     མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་འགན་པས་ཐུན་མོང་ཐོག་བྱང་སྐར་སྲུང་སྐར་ཕྱོགས་སྟོན་མ་ལག་གི་བཀོལ་སྤྱོད་དང་། མི་འཚོ་གནས་ཁུལ་འཛུགས་སྐྲུན། ཕྱོགས་གཉིས་ཉོ་ཚོང་། ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རར་ཆོག་འཐུས། རིག་གནས་ཤུལ་བཞག་སོགས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་འགོད་པར་བདེན་དཔང་གནང་ཡོད།

     ཕྱོགས་གཉིས་པོས《དུས་རབས་གསར་པའི་ཆ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྷོ་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ཡོད།

     མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ལཱ་མཱ་ཧྥུ་སཱ་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བ་རེད།

     ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།




ཡོང་ཁུངས། ཞིན་ཧྭ་གསར་འགྱུར། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།

ལོ་ཙཱ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཨེ་ཤ་ཡའི་གླང་ཆེན་ཁྱུ་ཚོགས་ཤིག་འདིར་ཐོན་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།