སྙིང་སྡུག་ལགས།

དཔལ་ལྡན་བཟང་བོ།        2024-09-04

སྙིང་སྡུག། ངས་ཁྱོད་ཀྱི་མིག་གི་རྒྱལ་མོ་ལས།

གདོད་མའི་ནགས་ཚལ་གྱི་ཨུ་དུམ་ཝ་ར་མཐོང་སོང་།

ཁྱོད་ཀྱི་མགྲིན་པའི་ནང་གི་ཆུ་རྡུལ་དག་ལས།

དྭངས་གཙང་གི་གཤོག་པ་རི་ཟོམ་དུ་འབབ་ཀྱིན་པ་མཐོང་།

ཁྱོད་ཀྱི་སེམས་པ་འདི་རང་བྱུང་རེད།

ཁྱོད་ཀྱི་འཇིག་རྟེན་དུ་ཉི་འོད་ཀྱིས་ཞབས་བྲོ་རྒྱག་གིན་འདུག།

ཆུ་མིག་གི་ལང་ཚོ་ལྟ་བུའི་ཁྱོད་རང་།

ངས་རང་ཉིད་ཀྱི་ལག་ཟུང་སྙིམ་པར་བཅས་ནས།

ལྗོན་ཤིང་གི་ཡལ་གའི་འོག་ཏུ་གནས་གཞི་བཟུང་ཡོད།

མུ་ཏིག་བཞིན་གྱི་ཟིལ་བ་རྡོག་པོ་ཁྱོད།

ཤེལ་གྱི་གཤོག་པ་ཐོགས་ནས་འདི་རུ་འབབ་རོགས།

སྙིང་སྡུག། ངས་ཁྱོད་ལ་སྙིང་སྡུག་ཅེས་འབོད་ཆོག་པར་ཞུ།

ཁྱོད་ཀྱི་ནང་སེམས་སུ་གཡུ་ཡི་མཚོ་མོ་འཁྱིལ་འདུག།

ཁྱོད་ཀྱི་སྐྲ་ལོའི་ཡུལ་ལྗོངས་ཀྱི་ངོགས་སུ།

ཉི་ནུབ་ཀྱི་རྟ་ཕོས་ཀྱང་ཕྱིར་མིག་ཡང་ཡང་ལྟ་ཞིང་།

ཁྱོད་ཀྱི་འཛུམ་ཞལ་གྱི་ཁྲོད་དུ་མེ་ཏོག་གི་འདབ་མ་

རླུང་གིས་སྒུལ།

སྙིང་སྡུག། ངའི་ཡིད་སེམས་ཀྱི་ཁྲུང་ཁྲུང་ག་ལེར་

འཕུར་སོང་།

ད་ནི་དཔྱིད་ཀ་ཚེས་སོང་།

འཇིག་རྟེན་འདིའི་དཔྱིད་ཀ་དག་ནི།

རེ་བ་དང་སྨོན་ལམ་གྱི་བདེན་པ་སྟོན་བྱེད་ཡིན།

འཇིག་རྟེན་འདིའི་དཔྱིད་ཀ་དག་ཏུ།

མི་རྣམས་ཀྱང་ལང་ཚོའི་མཆོད་ཆང་ལ་རོལ་ངེས།

སྙིང་སྡུག། ཁྱོད་ཀྱི་ལག་པའི་དུས་ཚིགས་ཀྱི་གཞོངས་སུའང་།

ངའི་དཔྱིད་ཀ་ལྟ་བུའི་རེ་བ་འདི་དག་གཏོར་རོགས་ཀྱེ།

སྙིང་སྡུག་ལགས། ང་རང་འདི་ལྟར།

ལག་པར་མེ་ཏོག་གི་ཚོམ་བུ་ཐོགས་མེད་ཅིང་།

མགྲིན་པའི་གསེང་དུ་སྙན་ཚིག་གི་སྡེབ་སྦྱོར་ཡང་སྤྲོས་མ་ཐུབ།

ཐ་ན། ཡིད་སེམས་འགུལ་ཐུབ་པའི་ཚིག་རྒྱན་གྱི་ཕྲེང་

བ་ཡང་མི་འདུག།

ཡིན་ནའང་། ངས་ཕུལ་ཡོད་པ་འདི་དག་སེམས་

པ་ཡིན་ཞིང་།

ངས་བཤད་བཤད་ཐམས་ཅད་བདེན་པ་ཡིན།

དེ་བས་ཀྱང་། ངས་བྲིས་ཡོད་པ་མཐའ་དག་བརྩེ་

དུང་ཡིན།

  • ལེ་ཚན་སྔོན་མ།:སྙན་ཆང་བཏེགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།