དུས་བཞིར་ཚེས་པའི་ཁྱོད།

སྒོ་སྤྲེལ་ངེས་དོན།        2024-08-07

            ༡

ང་ཡི་དབྱར་ཁ་ལྟ་བུའི་མི།

ཁྱོད་རང་ཆར་ཆུའི་ཟོལ་གྱིས་ཡུན་དུ་བབས་ནས།

ངའི་སེམས་ཀྱི་ལྗང་མྱུག་རེ་རེ་གསོ་དགོས།

ལྗང་མྱུག་གི་འདབ་མ་རེ་རེ་ཁྱོད་ཀྱི་མིང་དང་འབྲེལ་ནས་བཞད་རྗེས།

སླར་ཡང་འུ་གཉིས་ལ་དབང་བའི་འཇིག་རྟེན་ཆུང་ཆུང་དེ་གྲུབ་ཡོད།

ད་དུང་གསེར་མདོག་གིས་བཀྲུས་པའི་སྦྲང་ཆུང་དེ་ནི།

ངའི་རྒྱང་རིང་གི་ཕུགས་བསམ་ཁུར་བའི་ལྷ་ཆེན་གཅིག་པུ་དེ་ཡིན།

ང་ཡི་དགུན་ཁ་ལྟ་བུའི་མི།

ཁྱོད་རང་ཁ་བའི་འདབ་མ་བཞིན་དུ་བབས་ནས།

ངའི་སེམས་ཀྱི་ནག་ནོག་ཐམས་ཅད་དཀར་སང་སང་དུ་གཏོང་དགོས།

ལྷད་མེད་ཀྱི་བརྩེ་འདང་རེ་རེ་ཁྱོད་ཀྱི་ལང་ཚོ་དང་འདྲིས་ནས་སྨིན་རྗེས།

གནམ་མཐའི་སྐར་མ་བརྩི་བའི་སེམས་ཀྱི་ལོག་མལ་དེ་ཁྱོད་ཡིན།

ད་དུང་ལྷགས་རླུང་གི་ངར་ཁ་གསོ་བའི་དྲོད་ཁོལ་དེ་ནི།

ཁྱོད་ཀྱིས་བུས་པའི་བདེ་སྐྱིད་ཀྱི་འཁོར་བའི་མེ་ཁ་ཁོ་ན་དེ་ཡིན།

ང་ཡི་སྟོན་ཁ་ལྟ་བུའི་མི།

ཁྱོད་རང་གསེར་མདོག་གི་ལོ་འདབ་བཞིན་དུ་འཚེར་ནས།

ངའི་སེམས་ཀྱི་རེ་འབོད་ཡོད་ཚད་བདེ་བླག་ངང་འགྲུབ་དགོས།

ལོ་འདབ་རེ་རེར་བྲིས་པའི་དབྱངས་གསལ་གྱི་སྨོན་འདུན་མ་ལུས་ཕུལ་རྗེས།

འཇིག་རྟེན་འདིར་འོད་སྣང་གིས་བྱུགས་པའི་ཉི་གཞོན་དེ་ཁྱོད་ཡིན།

ད་དུང་ཁེར་རྐྱང་དུ་འཕུར་བའི་ལྷོ་མཐའི་བྱ་ཁྱུ་དེ་དག་ནི།

རེ་སྒུག་གི་མིག་ཟུང་ན་ལྡེམ་པའི་སང་ལོའི་གཤོག་རྩལ་ཐོག་མ་དེ་ཡིན།

ང་ཡི་དཔྱིད་ཁ་ལྟ་བུའི་མི།

ཁྱོད་རང་ཁུ་བྱུག་བཞིན་དུ་གྲགས་ནས།

ངའི་སེམས་ཀྱི་སྐྱོ་སྡུག་དང་ངལ་དུབ་མ་ལུས་སངས་དགོས།

སྒྲ་དང་དབྱངས་ཀྱི་མཆོད་པ་རེ་རེ་རང་བྱུང་གི་སྐྱེད་ཚལ་འདིར་མགུར་རྗེས།

སྤྲིན་དཀར་གྱི་མཁའ་དབྱིངས་སུ་རང་དབང་གིས་རྩེན་པ་དེ་ཁྱོད་ཡིན།

ད་དུང་ལོ་ཟླ་གསར་པ་ཞིག་གི་དབུ་འབྱེད་ཡོད་ཚད་དེ་ནི།

ཁྱེད་ཀྱི་ངག་སྒོ་ནས་འགྲིག་པའི་རྟེན་འབྲེལ་གྱི་ཁ་གཡང་ཐོག་མ་དེ་ཡིན།


  • ལེ་ཚན་སྔོན་མ།:བྱིའུ་ཆུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།