བྱིའུ་ཆུང་།

ཉག་ཕྲན།        2024-08-05

དབྱིག་འཛིན་གྱི་གཞི་ན།

ས་འཛིན་གྱི་སྤོ་ན།

རྒོད་དུ་ཤོར་བའི་རི་སྐྱེས་ཀྱི་ཚོགས།

བག་ཡངས་ཀྱིས་རྩྭ་ཆུར་རོལ།

བྱེའུ་ཆུང་ཁོ་ན།

ས་གཞིའི་པང་ནས་རྒྱང་རིང་དུ་འཕུར་ཏེ།

མཐོང་མེད་དུ་ཡལ་སོང་།

སྦྲང་ཆར་གྱི་དངོས་གྲུབ།

ས་གཞིའི་པང་དུ་ཟགས་པས།

ན་ཁུག་དང་སྤང་གཞོངས།

རི་ཁུལ་དང་ནགས་ཁུལ།

ཆུ་ཆེན་དང་མཚོ་ཆེན་མ་ལུས།

སྣུམ་ཤིག་ཤིག་གི་ན་བཟས་བརྒྱན།

དཔྱིད་ཀྱི་འཛུམ་རྒྱ་ལྷུག་པར་གྲོལ་བས།

ས་ཆེན་ཨ་མའི་བཞིན་ལ་བཀྲག་མདངས་འཚེར།

ཇི་ལྟར་རེ་སྒུག་བྱས་ཀྱང་ཐོན་རྒྱུ་མེད་པ་ནི།

ན་ནིང་འཕུར་སོང་བའི་བྱེའུ་ཆུང་དག་རེད།

ད་ལྟ། ངའི་དྲན་གདུང་གི་མིག་ཆུ།

ཆུ་འཛིན་བུ་མོའི་མཁུར་ཚོས་བརྒྱུད་དེ།

ན་ཟུག་གིས་འཛིན་མར་འཐོར།

ལོ་ངོ་བརྒྱའམ།

ཡང་ན་ཆིག་སྟོང་ཙམ་འགོར་རྗེས།

ངའི་བོར་སོང་བའི་བྱེའུ་ཆུང་དག།

ཡང་བསྐྱར།

གངས་ལྗོངས་ཀྱི་རྩྭ་ཐང་དུ་སླེབས་བྱུང་།

ད་ལྟ། གངས་ལྗོངས་ན་གངས་རི་དང་སྤང་རི་མེད།

ན་ཁུག་དང་སྤང་གཞོངས་མེད།

ནགས་ཚལ་དང་ཆུ་བོ་མེད།

སྙིང་རྗེ་བའི་བྱེའུ་ཆུང་དག་ངལ་གསོ་སའི་སྡོང་བོའང་མེད།

སྐྱ་ཐང་ཐང་གི་ཁོར་ཡུག་ལ་སྐྱ་ཐང་ཐང་གི་སྲོག་ལྡན་སྐོར་ཞིག་འཚོ།

དེ་དག་ལོ་ངོ་བརྒྱའམ་སྟོང་གི་ཡར་སྔོན་དུ།

རང་མལ་སྲུང་བའི་བྱེའུ་ཆུང་འདི་ཚོའི་ཡབ་མེས་ཚོ་རེད།

དེ་རིང་གི་ད་ལྟ།

ནམ་མཁའ་ན་སྤྲིན་པ་མི་འདུག།

སྤྲིན་པར་འཛུམ་མདངས་མི་འདུག།

ས་སྟེང་ན་མེ་ཏོག་མི་འདུག།

མེ་ཏོག་ལ་བཀྲག་མདངས་མི་འདུག།

གངས་རི་ཞུ་སོང་།

རྩྭ་ཐང་རྒས་སོང་།

ངའི་སེམས་ཀྱི་རྦ་རླབས་ཀྱི་དབུགས་རྒྱུན་ཆད་སོང་།

སྙིང་ཉེ་བའི་བྱེའུ་ཆུང་ཚོའི་སྨྲ་སྒོ་ལྐུགས་སོང་།

ནམ་མཁའ་བོར་བའི་བྱེའུ་ཆུང་།

ལྕགས་ཀྱི་གཟེབ་དྲྭའི་ནང་ན།

རང་དབང་གི་གླུ་ཆུང་ལེན་བཞིན་གདའ།

བྱེའུ་ཆུང་བོར་བའི་ནམ་མཁའ།

སྟོང་ཁམས་ཀྱི་བཙོན་ར་ན།

ཁེར་རྐྱང་གིས་སྨྲེ་ངག་འདོན་བཞིན་གདའ།

གུ་ཡངས་པའི་ནམ་མཁའ།

སྔོ་ལྗང་གི་རྩྭ་ཐང་།

ཚང་ཚང་གི་ནགས་ཀླུང་།

གངས་དཀར་གྱི་རི་བོ།

མངར་ལྡན་གྱི་ཆུ་མོ།

ཉམ་ཆུང་གི་བྱེའུ་ཆུང་ཚོའི་ལས་དབང་།

ཕྱིར་ཡོང་མེད་པའི་ཁ་སང་གི་གཏམ་རྒྱུད།

བསམ་ཞིང་བསམས་ན་མིག་མཐར་མཆི་མ་འཁོར་ཡོང་།


  • ལེ་ཚན་སྔོན་མ།:ནང་སེམས་གཙང་མའི་མགུར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།