ཀ་ཕྲེང་གཞོན་ནུར་གདམས་པ་སེམས་ཀྱི་རི་མོ།

འབའ་ར་འབྱུང་ཆོས།        2024-07-19

           ཀ་ར་མངར་མོ་ཞིམ་པའི་སྦྲང་རྩི་མཆོད། །

ཁ་ར་བཟང་པོ་སེམས་ཀྱི་སྨན་མཆོག་ཡིན། །

ག་ས་ག་ལ་འགྲོ་བའི་གཞོན་ནུ་ལ། །

ང་ཡི་སེམས་གཏམ་ཆ་ཤས་བརྗོད་ན་འདོད། །

ཅ་ཅོའི་ལམ་ནི་དྲན་འཕྲུལ་ལག་ནས་མཛེས། །

ཆར་ཆུ་མེད་པའི་ཞིང་ལ་ས་བོན་འདེབས། །

ཇ་ཆང་རོལ་ནས་དུས་ཀྱི་རིན་ཆེན་ཏེ། །

ཉ་མོ་སྐམ་ས་ཐོག་ཏུ་ལེན་པ་སྤང། །

ཏ་ཐཱ་ག་ཏ་སྐྱབས་འགྲོ་རྒྱང་ན་ཤོར། །

ཐ་མ་ལག་ཏུ་བཟུང་ནས་རྫིག་པོ་བྱས། །

ད་ཆ་ལོ་ན་ཆུང་བ་རེད་མ་བསམ། །

ན་ཆུང་ལོ་ནི་རྒས་པའི་རྗེས་སུ་ཤོར། །

པ་ཏྲ་ལས་གྲུབ་སྤྱི་ཡི་རྒྱ་གྲོང་ན། །

ཕ་མ་གཅེས་ཕྲུག་ཡིན་ཟེར་འགྲོ་ས་མེད། །

བ་མོ་ཚེ་ཐར་བཏང་ན་བསད་རྒྱུ་མེད། །

མ་ཤེས་མ་གོ་ཟེར་ནས་འགྲོ་ས་མེད། །

ཙ་ཙིག་ལས་ཀྱིས་གྲུབ་པའི་རང་དོན་ཆེད། །

ཚ་བ་མེ་ཡིས་གཞན་ལ་གནོད་མ་བྱེད། །

ཛ་གཤིས་བརྟན་པའི་རང་གི་གྲོགས་པོ་ལ། །

ཝ་མོ་གཡོ་སྒྱུ་ལམ་ནས་མ་འགྲོ་ཤིག །

ཞ་ཞི་འདྲ་བའི་བསམ་མེད་ལས་ཀ་སྤང་། །

ཟ་རོགས་འཐུང་རོགས་ཁ་སང་དེ་རིང་མང། །

འ་རོགས་ཁ་ཡག་ཚིག་བཟང་བཤད་པ་མང་། །

ཡ་ཡ་ཟེར་ནས་ལས་ཀ་མགོ་མཇུག་ལྡོག །

ར་མ་ལུག་གི་སྐད་ཀྱི་རྙོག་བཤད་བྲལ། །

ལ་ལུང་མང་དུ་སོང་ན་ཕན་ཡོན་ཤེས། །

ཤ་ཚ་ཡོད་པའི་མི་ཞིག་ཡིན་ན་ནི། །

ས་ཕྱོགས་འདིའི་ཡུལ་ལ་ཞབས་ཞུ་སྒྲུབ། །

ཧ་ཅང་བཤད་པ་མང་ན་རྙོག་ཏུ་འགྲོ། །

ཧ་ལས་ཧང་སང་གཏམ་དེ་མེད་ན་ཡང། །

ཨ་ཙི་རང་སེམས་བཞུགས་པའི་གཞོན་ནུ་ལ། །

ཨ་ཁ་མ་ཤར་སྔོན་གྱི་སྙིང་གཏམ་ཡིན། །


  • ལེ་ཚན་སྔོན་མ།:ཟླ་འོག་གི་ཚོར་མགུར།
  • ལེ་ཚན་རྗེས་མ།:ཕྱིར་ལོག་མེད་པའི་མི་ཚེ།