ཟླ་མཚོ། ཟླ་བའི་པང་དུ་ལོག།

ཧུན • དུར་རོ།        2024-07-19

      ཟླ་མཚོ། ཁྱོད་སྡེ་མཐའ་གང་ཞིག་ན་ཁེར་རྐྱང་ངང་གནམ་མཐའི་སྐར་མ་རྩི་བཞིན་ཨེ་ཡོད། ང་རང་བྱིས་པའི་དུས་སུ་ཁེར་རྐྱང་ལ་མི་ལོབས་པ་འདྲ་མོད། རིམ་བཞིན་ཁྱོད་དང་གྱེས་པ་ནས་ང་ནི་ཁེར་རྐྱང་ལ་དགའ་ཞིང་ཁེར་རྐྱང་ཁོ་ན་གླེང་མཁན་ཞིག་ཏུ་གྱུར། ད་ཆ་ཡང་ངས་ཁེར་རྐྱང་ཞེས་པའི་ཚིག་འབྲུ་འདི་གཉིས་ལ་གང་ཐུབ་ཅི་ནུས་ཀྱི་འགྲེལ་བ་ཡང་མང་ཙམ་ཞིག་བྲིས་འདུག། ཁེར་རྐྱང་གི་ངོ་བོ་དང་རང་བཞིན་ནི་ངའི་ཡིད་ལ་འཁོར་བ་དེ་འདྲ་ཞིག་མིན་ཡང་སྲིད་མོད། ངའི་སེམས་སུ་ཁེར་རྐྱང་ནི་ང་ལ་ཆེས་གློ་ཉེ་བའི་མི་དེ་ཡིན་པ་འདྲ། ཁེར་རྐྱང་ཡོད་པས་ངས་བསམ་གཞིག་བྱ་ཐུབ་སོང་། ཁེར་རྐྱང་ཁོ་ནས་ང་ལ་ཐ་སྙད་དང་ཚིག་གི་མཛེས་པ་གནང་། ཁེར་རྐྱང་ནི་ངས་བྲིས་པའི་ཡིག་འབྲུ་འདི་དག་དང་འབྲེལ་བ་དམ་ཟབ་ཡོད། ཁེར་རྐྱང་ནི་ང་ལ་མཚོན་ན་རེ་བའི་ངོས་ཀྱི་འོད་མདངས་དང་འདྲ། ང་ལ་ད་ལྟ་ཁེར་རྐྱང་ཞེས་པའི་འཛིན་ཆོག་ཆོག་ཅིག་ཡོད་པ་ཡང་ཁྱོད་ཀྱི་དྲིན་ཡིན། ཁྱོད་རང་ཆེས་དྲན་ཐེངས་མང་བའི་དུས་ཀྱང་ང་རང་ཁེར་རྐྱང་ཡིན་པའི་དུས་ཚོད་དག་རེད། ཟླ་མཚོ་ཉེ་ལམ་བདེ་མོ་ཡིན་ནམ།

ཟླ་མཚོ། ངེད་གཉིས་ནི་ཕན་ཚུན་གྱི་ངོ་རིག་མ་མྱོང་བའི་མི་ཆ་མེད་གཉིས་ཀྱང་ཡིན་སྲིད། ང་ཁྱོད་ཀྱི་ཕ་ཡུལ་དུ་ཐེངས་འགའ་ལ་ཡུལ་འཁྱམ་པ་བྱས་ཏེ་སོང་མྱོང་། སྡེ་བ་དང་ཡུལ་ཚོ། ཁྱོད་ཚང་གི་ཉེ་འདབས་སུ་ཐེངས་འགའ་ལ་ལྷག་པར་རེ་ཞིང་ཆགས་པས་བཅར་མྱོང་། ཁྱོད་ཚང་གི་ཨ་ཕས་ཡུལ་འཁྱམ་པ་འདི་ཚོ་ཉེ་འདབས་སུ་བཅར་ན་མི་བཟང་ཚུལ་མང་དུ་བཤད། དེ་ནས་བཟུང་ངའི་སེམས་སུ་ཁྱོད་རང་བཟང་ཡང་ཁྱིམ་ཚང་བཟང་བའི་ངེས་པ་མེད་པས་སླར་རང་གི་ལམ་ཁར་མི་འགྲོ་ཀ་མེད་བྱུང་། མི་ནི་འབྲེལ་བ་ལས་ངོས་ཤེས་ཤིང་། སླར་ཡང་འབྲེལ་བ་ནས་བར་ཐག་ཆད་དེ་རིང་ནས་རིང་དུ་འགྲོ་དགོས་པ་ཞིག། ཡིན་ཡང་ངེད་གཉིས་ནི་བར་ཐག་གིས་མནར་པའི་མི་བུ་ནུས་མེད་གཉིས།བར་ཐག་གི་ངོ་མི་ཤེས་པའི་མི་བུ་ཐབས་ཟད་གཉིས། རང་རང་གི་ལས་ཀ་དང་ལམ་བུ་ལ་བསམ་གཞིག་རེ་བྱེད་ཚེ་ཡིད་ནས་དྲན་མི་ཕོད་པའི་འདུན་མ་གང་མང་ཞིག་གཅིག་འཕྲོ་གཉིས་མཐུད་བྱས་ཏེ་འཆར་འོང་བ་ཞིག་རེད།

ཟླ་མཚོ། ངའི་ཕ་ཡུལ་གྱི་དབྱར་ཁ་ག་འདྲ་ཡིན་པ་ཚོར་རམ།

ཟླ་མཚོ། ངས་ས་མཐའ་འདི་ནས་ཉིན་མཚན་གང་མང་ཞིག་ལ་ཁྱོད་རང་དྲན། དྲན་པ་ཙམ་མིན་བླ་ལྷག་དྲན་པ་ཡིན། དོན་དངོས་སུ་ཉིན་མཚན་ཅི་ཙམ་ཕར་ལ་འདས་ཀྱང་ངའི་དྲན་པའི་ངོགས་ལ་ཁྱེད་རང་བླ་ལྷག་ཉེ་བར་བཅར་འོང་། རྒྱུ་མཚན་ཅི་ཡང་མེད་པར་ང་དང་ཉེ་བར་བཅར། འདི་ལ་གལ་ཏེ་འགྲེལ་བཤད་ཅིག་དགོས་ན། རྟེན་འབྲེལ་ཡིན་པ་འདྲ། ཆོས་ཉིད་ཡིན་པ་འདྲ་ཟེར་བ་ལས་འགྲེལ་བཤད་གཞན་ཞིག་མ་རྙེད། དོན་དུ་མ་རྙེད་པ་ཡང་མ་ཡིན་ཏེ།ང་ལ་ཐ་སྙད་གཞན་གང་ཡང་ལྷག་མི་འདུག།

ཟླ་མཚོ། ད་ལྟ་ང་ཕ་ཡུལ་དང་གྱེས་ནས་གནས་འདི་ལ་ཡོང་བ་ཡིན། གནས་འདི་ནས་སྐྱོ་བ་མཐའ་དག་ཁད་ཀྱིས་སངས་ན་འདོད། དེ་ལས་ཀྱང་ངའི་ལུས་སེམས་གཉིས་ཁྱེད་རང་དང་ཉེ་བར་བཅར་བའི་ཐབས་ལམ་ཞིག་ལ་འབད་བཞིན་ཡོད། ང་ནི་ཅི་ཡང་མི་ནུས་པའི་བར་སྣང་ཁམས་ཀྱི་བྱ་ཡི་སྒྲོ་སྤུ་ཉག་མ་གཅིག་དང་འདྲ་བོ་རེད། དུས་ཚོད་ག་ཙམ་འདས་ཀྱང་། སྟོང་ཉིད་སྒོམ་པ་ནང་བཞིན། བློ་ཐག་རྦད་ཆོད་ཀྱི་དམིགས་དོན་གཅིག་ཀྱང་མ་རྙེད། ཉིན་འདི་དག་གི་ངའི་བྱ་བ་དང་དྲན་སྣང་གིས་ང་ལ་བྱིན་པ་ནི། ཅི་ཡང་མི་ནུས་པའི་སྔ་སོ་ནས་རང་སོར་གནས་པའི་“རང་རེད”་ཅེས་པའི་ཚིག་གི་འབྲུ་མ་རྡོག་གཅིག་རེད།

ཟླ་མཚོ། ང་ཁྱོད་དང་གྱེས་ནས་ཉིན་ཞག་བརྒྱ་དང་བཅུ་བཞི་པའི་མཚན་མོར་ངའི་རྨི་ལམ་དུ་ཁྱོད་རང་ཕེབས་བྱུང་། དུས་རྒྱུན་ང་རང་གཡོལ་ཐབས་མེད་པའི་ཁྱེད་ཀྱི་ཆེ་ཞིང་རང་བཞིན་གྱི་འཁྲུག་ཆ་དོད་པའི་མིག་ཟུང་གཉིས། གཡོ་ཟོལ་མེད་པར་ངའི་ཕྱོགས་སུ་འཁོར་འདུག་པ་ཚོར། ང་གློ་བུར་དུ་རྨི་ལམ་ནས་སད་ཅིང་། ཁྱོད་རང་ཡིན་པ་ཧ་ཅང་ཚོར། ང་ནི་སྐབས་དེར་བྱིས་པ་པྲ་ཚགས་ཤིག་དང་འདྲ་བར་གནམ་ལྡིང་ས་ལྡིང་བྱས། མིག་གི་དཀྲི་ག་གཉིས་ཀྱི་མཐའ་ཡི་ཟི་མའི་འདབ་མ་རེ་རེ་ཡང་ལྷེམ་ལྷེམ་དུ་འགུལ་ཞིང་བར་གྱི་སྐད་ཅིག་མས་མ་ཆོད་པར་ང་ལ་བལྟས་འདུག་པ་ཚོར། ང་ནི་དེ་ལས་ཀྱང་བེའུ་ཞིག་དང་འདྲ་བར་ཡར་རྒྱུག་མར་རྒྱུག་བྱས། གཟི་མིག་དགུ་པ་ཞིག་དང་འདྲ་བའི་ཁྲ་རིལ་རིལ་གྱི་མིག་ཟུང་གཉིས་སྐབས་རེར་གཡོ་མེད་དུ་ང་ལ་ཕྱོགས་པ་ཚོར་ན་ང་ནི་སྤྲེའུ་ཞིག་དང་འདྲ་བར་ཡར་མཆོང་མར་འཆོང་བྱས། ད་ཆ་ཁྱོད་རང་ཟླ་བའི་པང་ལ་ཆས་སོང་བ་འདྲ། ཟླ་བའི་པང་གི་ཟླ་ཆུ་ཤག་ཤག་ཏུ་བཞུར་བྱུང་། རྨི་ལམ་ཉིས་བརྩེགས་ཤིག་རྒྱབ་ལ་བཞག་རྗེས། མངོན་སུམ་གྱི་ལོ་ཟླ་ལ་ལོག།

ཟླ་མཚོ། ད་ཆ་ང་ལ་ངུ་སྙི་བྲོ་བའི་ནད་ཅིག་བྱུང་འདུག།



  • ལེ་ཚན་སྔོན་མ།:ཨ་ཅེ། ཨ་ཅེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།