ཁྱོད་ནི་ངས་ལས་དབང་ལ་ཨུ་ཚུགས་ཀྱིས་རྙེད་པ་ཡིན།

༼ འདུན་མ་ལེགས། ༽        2024-07-12

སྙིང་ཉེ་ལགས། ཉིན་འགའ་ཤས་ཀྱི་སྔོན་ལ་བཤད་པའི་སྐད་ཆ་དེས་ང་རང་སྡུག་བསྔལ་གྱི་འདམ་རྫབ་ལ་བྱིང་ནས་ཡུན་རིང་འགོར། མིག་ཆུའི་གཏམ་རྒྱུད་ཟླ་བར་བཤད་ནས་ཉིན་ཤས་ལུས། ནམ་མཁའ་ན་འཚེར་བའི་ཞེན་ཆགས་ཀྱི་ཟླ་འོད་བར་ཆད་ཀྱི་གཟའ་ཡིས་བཟུང་ནས་ད་དུང་མ་བཏང་། དབྱར་གྱི་མངལ་ལ་སྦྲུམས་ཤིང་ངའི་མངའ་ཐང་ན་བཞད་པའི་མེ་ཏོག་དག་གི་མགོ་བོའང་ཚོས་མ་བྱུང་། ལམ་ལམ་འཕྲོ་བའི་ཚ་གདུང་གི་ཉི་འོད་ཀྱིས་ངའི་མཁུར་ཚོས་ན་ཟགས་པའི་མིག་ཆུའི་ཐིགས་པ་སྐེམ་མ་ཐུབ་ལ་འཇམ་ཇག་གེར་གདོང་ལ་གཉེར་མའི་གཟུགས་བརྙན་བརྐོ་བར་འཇོན་པའི་ལོ་ཟླས་ངའི་ནང་སེམས་ཀྱི་ན་ཟུག་འཁྱེར་མ་ནུས། མདོར་ན། ང་ནི་མཐོ་སྒང་གི་སྲིབ་རྩ་ན་འགྲེང་བའི་མི་བུ་ལས་ངན་ཞིག་ལྟར། ངའི་སྟེང་དུ་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་ཉི་འོད་ཅིག་ནམ་ཡང་འཕྲོ་ཡི་མི་འདུག། ངའི་གམ་དུ་རང་དབང་དང་འབྲེལ་བ་ཡོད་པའི་རླུང་བུ་ཞིག་ནམ་ཡང་རྒྱུ་ཡི་མེད། ཐ་ན། ལྷན་དུ་བགད་མྱོང་བའི་ཟླ་འོད་ཀྱིས་ཀྱང་ད་ནི་ང་ཡི་སྐྱོ་རོགས་མི་ཉན། མི་རྣམས་དཀའ་ཁག་དང་སྡུག་བསྔལ་ལ་འཕྲད་ཡོང་དུས། ཁེར་རྐྱང་དང་ལྷིང་འཇགས་ནི་ཆེས་བཟང་བའི་སེམས་པ་གླན་རོགས་ལགས།

སྙིང་ཉེ་ལགས། མ་གཞི་ཁྱོད་ཀྱིས་ངའི་འཇིག་རྟེན་གྱི་ཉི་མ་དང་ཟླ་བའི་ཚབ་བྱེད་རུང་ལ། ས་གཞི་དང་མེ་ཏོག་གི་ཚབ་ཀྱང་བྱེད་ཐུབ། མིག་ཆུ་དང་ན་ཟུག་གི་ཚབ་ཏུའང་ཁྱེད་རང་རུང་། མི་རྣམས་ལ་འོད་སྣང་དང་བསིལ་འཇམ་སྦྱིན་ཐུབ་པ་ནི་ཉི་མ་དང་ཟླ་བ་རེད་ལ། ང་ལ་བདེ་སྐྱིད་སྦྱིན་ཐུབ་པ་ནི་ཁྱེད་ཉིད་ཁོ་ན་ལགས། ཁྱོད་ང་ཡི་མཁའ་ན་བཞད་པའི་ཟླ་བ་ཡིན། འཇིག་རྟེན་གྱི་མུན་པ་གདོང་གིས་སེལ་ནུས། ཁྱོད་ང་ཡི་སྤང་ཐང་ན་དགོད་པའི་མེ་ཏོག་ཡིན། འཚོ་བ་ཡི་མཚར་སྡུག་ངང་གིས་སྟེར་ཐུབ། ད་ནི་ཁྱོད་རང་ཕྱིར་ངའི་པང་དུ་ལོག་རོགས། འཇིག་རྟེན་འདིའི་ཕྱི་རོལ་ནི་འགྲན་རྩོད་དང་ཕྲག་དོག་ཡིན། ཁྱད་གསོད་དང་དམའ་འབེབ་ཡིན། སྡང་སེམས་དང་བརྙས་བཅོས་ཡིན། དེ་དག་གིས་ཁྱོད་ཀྱི་ནང་སེམས་ལ་དུག་གསུམ་གྱི་ས་བོན་འདེབས་ངེས་ཡིན། རྣམ་དག་གི་གཤིས་རྒྱུད་ནག་ནོག་གིས་དྲི་མས་སྦག་འགྲོ་བ་ཡིན། ཡིད་འོང་གི་བྱ་སྤྱོད་ངན་སེམས་ཀྱི་གདོན་འདྲེའི་བསླུས་འགྲོ་ལ། ང་ཡང་བརྩེ་དུང་གི་རྨས་སྐྱོན་ཕོག་པའི་གཤོག་ཆད་ཀྱི་བྱེའུ་ཆུང་ཞིག་བྱེད་འདོད་མི་འདུག། ང་རང་འཇིག་རྟེན་འདིའི་ལ་མོ་ཁེར་རྐྱང་གིས་བརྒལ་བའི་འཁྱམས་སྐྱོད་པ་ཞིག་བྱེད་མི་འདོད། ང་རང་འཚོ་བའི་མི་རྟག་གླུ་རུ་ལེན་པའི་རྟོགས་སད་པ་ཞིག་དེ་བས་ཀྱང་བྱེད་འདོད་མེད། ངས་འཇིག་རྟེན་འདིའི་གྲུ་ཟུར་ཞིག་ནས་དཔེ་དེབ་ཀྱི་རྫོང་བ་མཐུག་པའི་ཁྱིམ་གཞིས་ཞིག་ལ་ཤེས་རིག་གི་མེ་ཁ་གསོ་འདོད། བརྩེ་དུང་དང་འཚོ་བར་ཡིད་ཆེས་མངའ་བའི་འཆར་ཡན་ཅན་གྱི་མི་ཚོགས་ལ་འཁོར་བའི་སྙིང་པོ་བདེ་སྐྱིད་ཡིན་པ་བརྗོད་འདོད། ཁྱོད་ཀྱི་ལྷད་མེད་དྭངས་གཙང་གི་གཤིས་ཀ་དང་བརྟན་བརླིང་ལྷུན་ཆགས་ཀྱི་བྱ་སྤྱོད་ལ་ཡིད་འོང་གི་སྙན་ངག་འབྲི་འདོད། ཕལ་བའི་འཇིག་རྟེན་འདི་ནས་ཆེས་སྤྱིར་བཏང་གི་མི་ཚོགས་ལ་དབང་བའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་འདོད། ཇ་དང་ཚྭ་ཁུ་ཡོད་ལ་རྒྱང་རིང་དང་སྙན་ངག་ཀྱང་མངའ་བའི་འཚོ་བ་ཞིག་རོལ་འདོད། ཇོ་ཤག་རྣམ་གཉིས་ཀྱི་མདུན་ནས་ཁྱོད་ཀྱི་དུས་གསུམ་ང་དང་མི་འབྲལ་བའི་སྨོན་ལམ་ཡང་ཡང་འདེབས་འདོད། ཡིན་ནའང་། འདི་དག་གི་སྔོན་འགྲོ་ཁྱོད་རང་ངའི་གམ་དུ་ལོག་ནས་མིག་ཟུང་ཀེམ་ཀེམ་གཡོ་བའི་སྐར་ཚོགས་ལ་དམ་ཚིག་གཙང་མ་ཞིག་འཇོག་རྒྱུ་དེ་རེད།

སྙིང་ཉེ་ལགས། ཁྱེད་ཀྱིས་བཤད་པའི་སྐད་ཆ་དེར་ངས་ནམ་ཡང་ཡིད་ཆེས་བྱ་ཐབས་བྲལ། ངས་དེ་ཀུ་རེ་ཞིག་གམ་ཁ་མཚར་ཞིག་ལས་ནམ་ཡང་ཚད་མར་འཛིན་མི་འདོད། གལ་ཏེ་བདེན་པ་ཡིན་པའི་དབང་དུ་བྱས་ནའང་། ངས་རྡོ་ལ་འབྲས་བུ་སྨིན་རག་ཏུ་སྐད་ཆ་དུས་དང་བསྟུན་ནས་འགྱུར་འགྲོ་བའི་བདེན་པ་ར་སྤྲོད་བྱེད་སྲིད། ངས་ལས་དབང་ལ་ཨུ་ཚུགས་ཚ་ནན་བྱས་ཏེ་ཁྱེད་རང་བདག་གི་འཚོ་བའི་ནམ་མཁའ་རུ་སྐར་ཚོགས་བཞིན་བསུ་མ་བྱ་འདོད། ངས་འཇིག་རྟེན་འདི་ལ་ཅོ་འདྲི་ཤུགས་དྲག་བྱས་ཏེ་ཁྱོད་རང་བདག་གི་འཁོར་བའི་རུམ་ཁོང་ལ་རྣམ་དག་གི་ཞགས་པས་འདྲུད་འདོད། རང་ཉིད་བཅོས་བསྒྱུར་བྱས་ཏེ་ཁྱོད་ཀྱི་རེ་བ་བཞིན་གྱི་མི་ཞིག་ཡོང་བར་ཧུར་ཐག་བྱེད་པར་ངེས། མི་འདོད་བར་ཆད་ཀྱི་ཆར་བས་ལུས་སེམས་བྲན་ཡང་ཁྱོད་སར་ཕྱོགས་པའི་རྐང་ལམ་ཕྲ་མོ་དང་གོམ་ཟུང་བརྟན་པོར་གཞོམ་གཞིག་བྲལ། གནས་སྐབས་ཀྱི་གྱེས་བྲལ་ལས་དབང་ལ་ཁ་མི་གཡར་བར་ཡོད་ཚད་དུས་ཚོད་ཅིག་གི་སྔ་ཕྱི་ཙམ་ཡིན་པའི་ངེས་ཤེས་དང་འཁྲུལ་སྣང་འདྲེས་མ་ཞིག་བཟུང་ནས་ཁྱོད་ལ་བརྩེ་དུང་གི་ནམ་མཁའ་སྔོན་པོ་ཞིག་བཟོས་ཏེ་བདེ་སྐྱིད་ཀྱི་བྱ་ཁྱུ་སྐོར་ཞིག་ཀྱང་དེ་རུ་འབྲི་འདོད། བརྒྱ་ལ། བཅུ་དྲུག་གི་ལང་ཚོ་འཛིན་པའི་ཁྱོད་རང་བདག་གི་པང་བ་རུ་མ་བཞད་ཚེ། ངའི་འཚོ་བ་ནི་ཆ་མི་ཚང་བའི་ལེ་ཚན་ཞིག་གི་བསྡུས་འགྲེལ་ཡིན། ངའི་འཇིག་རྟེན་ནི་བརྗོད་མ་ཚར་བའི་གཏམ་རྒྱུད་ཅིག་གི་བཤད་འཕྲོ་ཡིན། ང་ནི་ནམ་ཡང་མགོ་ཐོག་གི་གནམ་རྡིབ་ཅིང་རྐང་འོག་གི་ས་ཉིལ་བའི་མི་ཚེ་ཞིག་གི་སྐྱོ་གར་ཡིན།

སྙིང་ཉེ་ལགས། ཁྱོད་རང་བདག་གིས་བཟོས་པའི་ནམ་མཁའ་འདིར། དྭངས་གཙང་གི་རྨི་ལམ་ཞིག་ཁྱེར་ནས་ཕེབས་རོགས་ལགས། ངས་ཁྱོད་ལ་བར་ཆད་ཀྱི་སྤྲིན་ནག་དབེན་ཞིང་མི་ཁའི་རླུང་བུ་འཇགས་པའི་ཉི་འོད་ལམ་ལམ་གྱི་འབྱུང་འགྱུར་ཞིག་མཚར་སྡུག་གིས་འབྲི།།

  • ལེ་ཚན་སྔོན་མ།:མེ་ཆུ་ཟུང་དུ་འབྲེལ་བའི་མཛེས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།