བརྩེ་འཕྲིན་དང་སྨོན་འདུན།

༼ གློག་འོད། ༽        2024-07-12

ཨ་སྔོན་དགུང་གི་སྤྲིན་པ་ལྷོ་ཕྱོགས་སུ་བཞུད་ཅིང་།།

དོག་མོ་ས་གཞིའི་སྡོང་ལོ་ངེས་མེད་དུ་སྤུར་རྗེས།།

ལྷབ་སེར་བབས་པའི་ཁ་བ་ལྷུན་པོ་ལ་བཞག་དུས།།

དྲན་གདུང་བསེར་བུ་ངར་མས་སྙིང་ཁ་ལ་རྒོལ་བྱུང་།།

དུང་སེམས་ཡིད་ཀྱི་ཞིང་ཁམས་ཡུན་བརྟན་དུ་བཞུགས་པའི།།

མཛེས་སྡུག་ཉམས་ཀྱིས་ཁེངས་པའི་ཡིད་དབང་གི་བདག་མོ།།

མཇལ་བའི་ལས་འཕྲོ་ཟད་པའི་ལོ་ཟླ་ཡི་བང་རིམ།།

སྤྲིན་ནག་དགུ་རྩེག་ལས་ཀྱང་སྟུག་པོ་ཞིག་ཆགས་སོང་།།

ཨུ་ཚུགས་བཙན་པོས་རང་ཚུགས་དམ་པོ་ཞིག་བཟུང་ནས།།

ཁྱོད་དང་བྲལ་བའི་འོག་གྲབས་ཐེངས་མང་ཞིག་བགྱིས་ཀྱང་།།

མ་བཅོས་བརྩེ་བ་དྭངས་མོའི་ཟབ་ས་རུ་སྦས་པའི།།

སྙིང་གི་ཚི་ལུ་འདྲ་ཁྱོད་འདོར་ཐབས་ཤིག་མ་མཆིས།།

ཚེ་གཅིག་ལུས་གཅིག་སྙིང་པོ་གཞོན་པ་ཡི་ལང་ཚོ།།

ཐོག་མ་བདག་གི་བརྩེ་བའི་ཞིང་ས་རུ་འཁྲུངས་པས།།

ལོ་ཟླ་སྟོན་ལོ་བཞིན་དུ་ཕར་ཕར་ལ་འཐོར་རུང་།།

ཁྱོད་ཀྱི་ཞལ་རས་ཡིད་ཀྱི་གཏིང་རྩ་ནས་སྨིན་བྱུང་།

ལྷད་མེད་བརྩེ་བ་དྭངས་གསལ་མཚོ་མོ་ཡི་ངོས་སུ།།

ཁྱོད་ཀྱི་བཞིན་ཁྱིམ་ཟླ་བའི་རང་གཟུགས་སུ་ཤར་བ།།

འཛིན་དུ་མེད་ཀྱང་རང་སེམས་དབང་མེད་དུ་ཁྱེར་བས།།

ཇི་ཙམ་བལྟས་ན་སྙིང་ལ་དེ་ཙམ་ཞིག་ཉེ་འདྲ།།

མཛེས་བྱད་ཚོན་གྱིས་མ་བསྐུས་དམར་མདངས་ཀྱི་མཆུ་སྒྲོས།།

ཅུང་ཟད་འཛུམ་པའི་སྲུབས་དབར་དུང་དཀར་གྱི་ཚེམས་ཕྲེང་།།

སྐྱེངས་པའི་ཟོལ་གྱིས་ང་ལ་ཐེངས་གཅིག་ཙམ་བསྟན་པ།།

རིང་མ་ཐུང་གི་མི་ཚེའི་དྲན་ཤིང་དུ་གྱུར་ཡོད།།

གྱེས་ནས་ལོ་ཟླའི་ཁ་མདོག་ཐེངས་མང་ཞིག་བརྗེས་ཀྱང་།།

སྣང་བའི་མཁའ་ལ་བརྟན་བརྟན་ཡལ་མེད་དུ་གནས་པ།།

ལང་ཚོའི་བཀྲག་མདངས་མ་ལུས་མཛེས་བཟང་གིས་རྒྱས་པའི།།

དགུང་གི་ཟླ་དཀར་མཚུངས་པའི་གཞོན་མ་ཁྱོད་ལོས་ཡིན།།

ལུས་འདི་ཐོ་ཡོར་བཞིན་དུ་འགུལ་མེད་དུ་བཞག་ཀྱང་།།

སེམས་པ་ཁྱོད་རྗེས་བསྙེགས་ཏེ་ངེས་མེད་དུ་ཡན་པས།།

རང་སེམས་རང་གིས་མ་ཟིན་གཟུགས་གཞི་འདི་རྐྱང་བ།།

དུས་བཞིའི་སོར་རྩེར་སྐྱོ་སྣང་རླུང་བུ་ཡིས་ཟིན་ཀྱང་།།

སེམས་ཀྱི་མེ་ལོང་ངོས་སུ་ཞི་དུལ་གྱིས་བཞུགས་པའི།།

ཁྱོད་རང་ཁོ་ན་བསྙེལ་པའི་ཐབས་ཤེས་ངར་དབེན་སྟབས།།

བསྐྱར་དུ་འབར་བའི་བརྩེ་དུང་མེ་ལྕེ་ལྟར་ཚ་བས།།

ང་ཡི་ཤ་དང་རུས་པ་ཟུག་གཟེར་གྱིས་བཅངས་བྱུང་།།

ལུས་ཀྱི་དབར་ན་ཆུ་ཕྲན་སིལ་མ་ལས་མེད་ཀྱང་།།

སེམས་གཉིས་བར་དུ་རི་ཆུ་སྟོང་ཕྲག་ཅིག་འཚངས་པས།།

རྒྱང་རིང་ཞིག་ནས་ཁྱོད་ཉིད་མིག་སྔ་ལ་ཐོགས་ཚེ།།

དགའ་སྡུག་ཚོར་སྐྱེན་ཞིག་གིས་སེམས་པ་འདི་གཡོ་བྱུང་།།

རིང་མ་ཐུང་གི་མི་ཚེ་ཁེར་བཞུད་ཀྱི་ཁྲོད་ནས།།

སེམས་པ་ཡངས་པོ་ཕྱིར་དྲན་རླུང་བུ་ཡིས་བསྐྱོད་ནས།

ཉིན་གྱི་དྲན་པ་མཚན་མོའི་རྨི་ལམ་དང་བཅས་པ།།

ཡོད་ཚད་ཁྱོད་ཀྱི་ཕྱོགས་སུ་འཁོར་འཁོར་རང་བགྱིས་ཡོད།།

སྲོག་གི་ཆ་ཡ་རྩིས་པའི་ལེགས་འདེམས་ཀྱི་ལམ་བུ།།

ཁྱོད་རང་ཁོ་ནའི་སླད་དུ་ཕངས་མེད་ཀྱིས་གཡུགས་འདོད།།

འོན་ཀྱང་འགྲོགས་པའི་སྐལ་བ་གཏན་དུ་ངར་དབེན་པས།།

རང་སེམས་དམར་པོ་མྱ་ངན་ཐང་སྟོང་དུ་བསྐྱལ་འདྲ།།

ཆོས་ཀྱི་དབྱངས་རྟ་མཆེད་པའི་རི་ཁྲོད་ཀྱི་ཞིང་ཁམས།།

འཁོར་བ་སྡུག་བསྔལ་རྟོགས་པའི་གནས་ལུགས་ཀྱི་ཆབ་རྒྱུན།།

ཉིན་མཚན་བར་མེད་རྣ་བའི་བུ་ག་རུ་བཞུར་རུང་།།

དྲན་ཤིང་རི་རབ་རྨང་ནས་ཉིལ་ཐབས་ཤིག་མི་འདུག།

རེས་སྐྱིད་རེས་སྡུག་འཁོར་བའི་ཆོས་ཉིད་ཀྱི་གྲོང་ནས།།

སེམས་ཀྱི་བསམ་སོ་སྙིང་ཆུང་དམར་པོ་དེ་ཁྱེད་ཡིན།།

འདི་ཕྱིའི་རེ་བཞག་བཅོལ་ན་ཁྱོད་རང་ལ་ལོས་བཅོལ།།

དཀའ་སྡུག་སེམས་ཀྱི་གསང་བ་དྲན་པ་ཁྱོད་ལོས་བཤད།།

ཚེ་གཅིག་གཏམ་གྱི་འདུན་མ་གཞི་གཅིག་ལ་བཅོལ་ནས།།

ཚེ་རབས་འདི་ཙམ་མ་ཡིན་བརྒྱ་སྟོང་གི་མཚམས་སུ།།

སྐྱབས་འཇུག་སྙིང་ནས་ཞུས་ཡོད་ཡ་ཆུང་གི་སེམས་བུ།།

ནམ་ཡང་བདེ་ཞིང་སྐྱིད་པའི་སྨོན་ཚིག་ངས་བྲིས་ཡོད།།

སེམས་ཀྱི་ཡོལ་གོར་འཁྱིལ་བའི་སྙིང་ཆུང་གི་གཏམ་རིང་།།

དེ་རིང་མ་གསང་དྲང་པོར་སྨྱུག་རྩེ་ལ་བཅོལ་ནས།།

ཡུན་དུ་སེམས་པར་ཉལ་བའི་སྨན་ཆུང་གི་བུ་མོར།།

མཐའ་མའི་སྐྱེལ་ཆང་ཚབ་ཏུ་ཡང་ཡང་དུ་མཆོད་དོ།།

  • ལེ་ཚན་སྔོན་མ།:ང་དང་བུ་མོའི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:ལག་བརྡ།