ཆུང་འདྲིས་ཡིད་ཀྱི་མེ་ཏོག།

འཇོ་མདའ་པདྨ།        2024-07-03

            མི་ཚེའི་ལས་འཕྲོའི་མདུད་པ་ཁྱོད་ལ་ཐེབས།།

མི་འགྱུར་ཚིག་གི་ཁ་ཆད་ཁྱོད་ལ་བཏབ།།

མི་ཁའི་རླུང་ཆེན་ཇི་ཙམ་ལྡང་ན་ཡང་།།

མི་འབྲལ་སྙིང་དུ་ཁྱོད་རང་གཅིག་པུ་ཉར།།

ཁ་འཇམ་ཁོག་དྲང་སྒེག་འཛུམ་བག་དང་ལྡན།།

ཁ་སེམས་མཐུན་པའི་ལས་ཀྱིས་བདག་ཡིད་སྐྱོམ།།

ཁ་ངོ་དུང་ལྟར་དཀར་བའི་ཡིད་འཕྲོག་མ།།

ཁ་ནས་ཡང་ཡང་མི་གླེང་ཀ་མེད་བྱུང་།།

ཚིག་གསུམ་གཏམ་གྱི་སྦྱོར་བ་སྤུང་ས་ཁྱོད།།

ཚིག་གི་ཕྱིན་ཤུན་ཙམ་གྱིས་མཚོན་ཐབས་མེད།།

ཚིག་ཚོགས་བྱེ་བ་ཕྲག་བརྒྱའི་བརྗོད་བྱ་ཡིན།།

ཚིགས་བཅད་སྙན་ངག་ལམ་ནས་ཡང་ཡང་བསྟོད།།

མཛའ་མཐུན་ལས་ཀྱི་ཁ་ཡིག་བསུབ་ཏུ་མེད།།

མཛའ་གཅུཊ་སེམས་ཀྱི་ཁ་དོག་བསྒྱུར་དུ་མེད།།

མཛའ་བརྩེའི་གསེར་གྱི་རྨུ་ཐག་རིང་བའི་ཁྱོད།།

མཛའ་གཞས་སྙན་མོར་བརྒྱུས་ཏེ་རྟག་ཏུ་གླེང་།།

དམ་ཚིག་ཤེལ་གྱི་བུམ་པ་དཀར་ཞིང་གཙང་།།

དམ་བཅའི་རི་མོ་སྙིང་གི་མཐིལ་དུ་བརྐོས།།

དམ་འཁྱུད་བརྩེ་བས་བདག་སེམས་སྐྱོང་བའི་ཁྱོད།།

དམ་པའི་གསུང་རབ་ཇི་བཞིན་རྟག་ཏུ་སྒྲོག།

དུང་ཞེན་སྤྲིན་དཀར་མེ་ཏོག་ཁྱོད་ལ་གཏོར།།

དུང་བའི་ཡིག་ཆུང་འཕྲིན་པ་ཁྱོད་ལ་བསྐུར།།

དུང་སེམས་མེ་ལོང་ངོས་སུ་འཆར་བའི་ཁྱོད།།

དུང་དུང་ལོ་དང་ཟླ་བར་བརྗེད་མེད་ཡིན།།

ལོ་ཆུང་སྣང་བ་རྒྱང་ནས་རྒྱང་དུ་ཡལ།།

ལོ་ཚོད་སུམ་ཅུའི་རིམ་པ་ཐོན་ལ་ཉེ།།

ལོ་མཉམ་ལས་མཐུན་ཡིད་ཀྱི་བྱམས་པ་ཁྱོད།།

ལོ་ཟླའི་འགྲུལ་བཞུད་ཁྲོད་ནས་བརྗེད་མེད་ཡིན།།

འཚོ་བའི་ཆ་ལག་ཅི་དང་གང་འཛོམས་ཀྱང་།།

འཚོ་བྱེད་སྨན་པ་ལྟ་བུའི་ཆུང་གྲོགས་ཁྱོད།།

འཚོ་གཞིས་ཁྱིམ་གྱི་རྟེན་དུ་མེད་གྱུར་ན།།

འཚོ་བའི་སྙིང་པོ་ཟེར་བ་སྟོང་པ་རེད།།


  • ལེ་ཚན་སྔོན་མ།:དབྱངས་ཅན་མ།
  • ལེ་ཚན་རྗེས་མ།:གྲིབ་གཟུགས་དེ་དག།