གཉིད་མི་ཁུག་པའི་མཚན་མོ།

རྣམ་ཤེས་ཕྲ་མོ།        2024-07-03

           དོ་ནུབ་མལ་ས་འདི་ཡང་ཚེར་མ་ལྟར་གྱུར་བས་གཉིད་གཏན་ནས་མ་བྱུང་།

གཡས་གཡོན་དུ་སྒྲོན་པའི་མར་མེ་དག་ཀྱང་སྔ་ཕྱིར་མལ་ལམ་དུ་གཟིགས།མདུན་གྱི་སྒོ་ཀླད་དུ་དཔྱངས་བའི་མེ་ལོང་ཆག་རོའི་ནང་གི་གཟུགས་རིས་དེ་ཡང་རབ་རིབ་ཅན་དུ་གྱུར།རིམ་གྱིས་མུན་ནག་གིས་མུན་ནག་ཟ་བཞིན་ཁང་མིག་ཀློང་གི་བར་སྣང་ཡོད་ཚད་ནག་རོག་གེར་བཏང་།

དོ་ནུབ།གནས་མལ་འདི་སྔར་བཞིན་འཇམ་ཆག་གེ་ཡིན་ནའང་།མུན་པས་དམུར་ཟིན་པའི་མཚན་མོ་དེས་ང་རང་བླུན་པའི་སར་བཞག།ཉིན་མོར་བྱ་བ་ཙག་ཙིག་གི་རྐྱེན་པས་དྲན་ཁོམ་མ་བྱུང་བའི་དོན་དག་མང་པོ་ཞིག།ད་ནི་ཁོམ་དྲགས་པས་མང་པོ་ཞིག་གྲལ་བསྟར་བསྒྲིགས་ནས་ང་ཡི་སེམས་ཁོང་དུ་འཛུལ་བྱུང་།

དོ་ནུབ།ཡིད་མ་རངས་པའི་རྒྱུ་རྐྱེན་གང་མང་ཞིག་གིས།ང་རང་དངོས་གནས་གཉིད་མི་ཁུག་པའི་དོང་འོག་ཏུ་ལྷུངས།

དོ་ནུབ།བཞུར་ཟིན་པའི་ཚེ་སྲོག་གི་རྒྱུ་བ་རེ་རེའི་བུ་ག་ལ་བལྟས་ཏེ་རང་ཉིད་ཀྱང་ཡིད་ཆེས་བྲལ་བའི་དབུགས་ཀྱི་འབྱིན་རྔུབ་ལ་བསམས་ཏེ་མདོག་ཤོར་བའི་མི་ཚེ་ལ་བསྐྱར་ལྟ་བྱེད་དགོས་བྱུང་།ངས་མི་ཚེ་ནི་མ་གཞིར་རྙིང་ཧྲུལ་དུ་གྱུར་ཀྱང་ཚོན་མདོག་གིས་བསྒྱུར་ཟིན་པའི་ལྭ་བ་ཞིག་ཡིན་པ་གློ་བུར་རྟོགས།རྒྱང་ནས་བལྟས་ཚེ་མཛེས་སྡུག་གིས་ཡིད་འོང་བཀུགས་ཤིང་སེམས་ཀྱི་དང་བ་ཡོད་ཚད་ཅིག་ཅར་དུ་འཕྲོག་པར་བྱེད།འགྲམ་ལ་ལོག་དུས་སྣང་བའི་མཛེས་སྡུག་ཡོད་ཚད་ཆུ་ཡིས་བརླན་ཏེ་ལྷན་རས་ཀྱིས་བརྒྱན་པའི་ལྭ་བ་དེ་ཡིས་སྐྱོ་གདུང་གི་འཚོ་བ་ངང་གིས་སྟེར།

ཡིད་སེམས་རབ་ཏུ་རྨོངས་པར་བྱེད་པའི་ས་སྲོད་དུ།ཆེས་ཐོག་མའི་འཚོ་བས་སྣམ་བུ་ཐགས་སུ་བཏགས་པ་ནས་བཟུང་།ཅིག་ཤོས་ཀྱིས་ཕྱི་ཡི་སྐྱོ་གདུང་དང་འཕྱ་སྨོད་ཡོད་ཚད་ལྐོག་ཏུ་སྦས་ཆེད་འཚོ་བ་ལ་ཡང་ནས་བསྐྱར་དུ་ཚོན་རྩིས་རྒྱག།གཞན་ཞིག་གིས་ནང་གི་བརྩེ་བ་དང་དུངས་བ་ཡོད་ཚད་མིག་ཆུས་དཀྲི་པར་བརྒྱབ་སྟེ་འཚོ་བའི་སྐུད་པ་ཡང་ནས་ཡང་དུ་འཁེལ་ཏེ།ལོ་ཟླའི་འཚེལ་གྲི་ཞིག་དང་ཉིན་མཚན་གྱི་རྣོ་ཁབ་ལ་བརྟེན་ནས་འཚོ་བས་ཕབ་ཏུ་བཏབ་པའི་མངར་སྐྱུར་གྱི་ཆང་རྩིས་ལ་འཚེམ་དྲུབ་བྱེད།ཞིབ་ཏུ་བསམས་ན།ཅི་ཡང་མེད་ས་ཞིག་ལ་ཡོད་མདོག་གི་ཁ་ཕོར་བསྒྲེངས་ཏེ་དུས་ཚོད་གཏོང་དགོས་པ་ཞིག་ལ་མི་ཚེའི་དོན་སྙིང་ཟེར་རམ།

ད་ནི།མཚན་གུང་གི་དུས་ཚོད་གཉིས་པ་ལོག་ཟིན།ཆུ་ཚོད་ཀྱི་མདའ་རྩེ་འཁོར་བའི་ཐག་སྒྲ་ལས་ཅི་ཡང་ཐོས་མ་བྱུང་།སྙིང་སྟོབས་ཀྱི་སྤོབས་པ་དགུང་ལ་འཕྱར་ཞིང་རེ་བའི་མིག་ཟུང་རྒྱང་དུ་འཐེན་པའི་གཞོན་ནུ་ཁྱུ་གཅིག་གིས་ཁེར་བཤད་རྒྱག་པ་ཡང་དང་བསྐྱར་དུ་དྲན་བྱུང་།

“ཡིན་མདོག་མ་སྟོན་ཨང་།ཁྱོད་ཀྱི་ཚུལ་ལྡན་གྱི་སྤྱོད་པ་ལས།ནག་ཉེས་ཀྱི་སྟུག་དྲི་མཐུག་པོ་ཞིག་བྲོ་བ་སྔོན་ནས་རྟོགས་ཡོད།ཚུལ་ལྡན་མ་ཡིན་ཡིན་མདོག་གི་ཕྱི་ཤུན་ངོམས་པ་ལས།རང་ཉིད་ཀྱི་རྔུལ་ཁྲག་ལ་བརྟེན་ནས་དུས་གསུམ་གང་དུ་ཡང་མགོ་བོ་སྒུལ་མི་དགོས་པའི་རང་ཚུགས་ཅན་གྱི་དཔང་རྟགས་ཤིག་ཡོད་ན་ཆོག་ཨང་།”

“ཤ་གསེང་རུས་གསེང་དུ་ཁྲག་རྒྱུན་དྭངས་མ་ཞིག་སྔོན་ནས་བཞུར་གྱིན་པར་རྟོགས་ཚེ།ད་ཆ་ནང་བཞིན་རྙིང་ཧྲུལ་དུ་གྱུར་ཟིན་པའི་ལྭ་བ་མཐུག་པོ་ཞིག་གིས་དགྲ་བོའི་དཔུང་སྟོབས་གཤག་མྱོང་བའི་དཔའ་བོ་ཚོའི་ལོ་རྒྱུས་ད་དུང་ཡང་གོ་མེད་ཚོར་མེད་དུ་སྦས་དགོས་དོན་ཞིག་མེད་ཨང་།ད་ལྟ་བདག་ལ་ཆང་རག་མི་འདུག་ཀྱང་།སྐྱོན་མེད་དེ།དཀའ་སྡུག་གི་འབད་བརྩོན་ལ་བརྟེན་ནས་འདས་པའི་ལོ་རྒྱུས་ཀྱི་གསང་བ་མི་རབས་རྗེས་མའི་རྣ་ལམ་དུ་སྒྲོག་ཐབས་ཤིག་ཡོད་སྲིད།གཏིང་ཟབ་པའི་གླུ་གཞས་འདིས་ཀྱང་བདག་ལ་ངར་ཤུགས་ཀྱི་སྤོབས་པ་སྩོལ་བྱུང་།”

“འཇིག་རྟེན་འདིར་འཚོ་བ་རོལ་མི་ཤེས་མཁན་ཞིག་ཡེ་ནས་མེད།ཚོན་མདོག་གིས་སྒྱུ་རྩལ་ལ་བརྟེན་ཏེ་འཚོ་བའི་གྲུ་ཁར་བསྒྱུར་བ་ཙམ་ཞིག་གིས་འཚོ་བ་རོལ་སྟངས་ཐ་དད་ཅིག་ཏུ་སྣང་བ་ལས།དོན་དུ་དབུགས་ཀྱི་རྒྱུ་བ་འདིའི་རེ་འདོད་གཞན་ཞིག་འགུ་མ་ཐུབ་པའི་སེམས་ཁྲལ་ལྷག་མ་ཞིག་གིས་བཟི་ཡོད་པ་ཕྱོགས་ཀུན་ནས་མཚུངས་ཨང་།”

“ན་གཞོན་ཞིག་ལ་ངར་ཤུགས་ཀྱི་སྙིང་སྟོབས་ཡོད་དགོས་པ་བདེན་ཡང་།དེང་གི་ན་གཞོན་དག་ནི་མཐོན་པོ་དགུང་ནས་བཞེད་ཀྱང་འབྲས་བུ་འབྱུང་དུ་མེད་པའི་མེ་ཏོག་དེ་དང་འདྲ་མི་འདུག་གམ།ཧ་ཧ་ཧ་་་་་་”

“ལྟོས་དང་།ཤོག་བྱ་རླུང་གིས་ཁུར་བ་བཞིན་དམིགས་ཡུལ་དང་རེ་འདོད་མེད་པ་ཤར་ནུབ་ཕྱོགས་ཙམ་ཀུན་ཏུ་མདངས་ཤོར་ཞིང་སྐྱ་ཐང་ངེར་སྐྱོད་པ་དེ་ནི་དུས་རབས་ཀྱི་བརྩེ་དུངས་རེད།”

“ཧ་ཧ་ཧ་་་་་་་་”

“ ་་་ ”

གཉིད་མི་ཁུག་པ་འདི་ཡང་ནད་རྟགས་ཤིག།ན་ཚ་དང་ཟུག་གཟེར་མེད་ཀྱང་མྱ་ངན་གྱིས་བསྐྲུན་པའི་འཇིག་རྟེན་ཞིག་ཏུ་སྙིང་ཉེ་ཡིས་སྨྲེ་སྔགས་གཏོན་གྱིན་པ་དང་འདྲ།ཡང་ན།འཆི་བདག་གིས་ཀྱང་བསྒྱུར་མ་ནུས་པའི་བརྩེ་དུངས་ལ་མུ་གེ་བྱུང་བའི་ངང་ཚུལ་དེ་དང་འདྲ་མོ་འདུག།

དོ་ནུབ།འདས་པའི་ལོ་རྒྱུས་ཁྲོད་ཀྱི་གངས་ལྗོངས་ལ་བལྟས་ཏེ་མུན་ནག་ཏུ་ཅི་ཡང་མ་མཐོང་བའི་ཟོལ་གྱིས་རང་ཉིད་ལ་འགྲམ་ལྕག་ལན་གཅིག་གཞུ་དགོས་བྱུང་།མུ་མཐུན་དེ་གཞུ་བ་ལ་རང་ཉིད་ཀྱིས་རང་ཉིད་ལ་གུ་ཡངས་སུ་བཏང་པ་ཡིན།

དོ་ནུབ།ལོ་སྟོང་ཁྲོད་ཀྱི་དཔའ་བོ་དང་དཔའ་མོ།ལོ་རྒྱུས་ཀྱི་གསང་བ་དག་ལ་ཞིབ་ཏུ་བལྟས་ཚེ།ང་རང་གངས་ཅན་པ་ལ་དགའ་དྲགས་པས།ངས་བརྩེ་དུངས་ཀྱི་སྙན་ངག་ཅིག་ཀྱང་འབྲི་མ་ཤེས།ཡིད་ཕངས་པའི་ཚུལ་གྱིས་དེ་ལྟར་ལུས།

རྨི་ལམ་གྱི་སྐུད་པ་སྣེ་མོར་འཇའ་ཚོན་གྱི་དར་སྐུད་སྤྲུལ་ནས།ཚོན་མདོག་ཀྱི་གཟུགས་སུ་ཀླུབ་པའི་བལ་འཇལ་དང་ལྷན་དུ་ཐགས་སུ་བཏགས་ཤིང་བཀྲ་ཤིས་པའི་དོན་དང་ལྡན་པའི་ཁ་བཏགས་ཤིག་བསླེས་ཏེ།ངས་སྨོན་ལམ་དང་སྨོན་ཚིག་ཁྱེར་ནས་ཡིད་ཀྱི་དང་བ་འདྲེན་པའི་གངས་ལྗོངས་ལ་དབུལ་རྒྱུ་ཡིན།

དོ་ནུབ།གཉིད་ཁུག་ཐབས་མེད་པའི་མཚན་མོ་འདིར་ང་ལ་རེ་ས་དང་རྟེན་ས་མེད།མིག་ཆུ་དང་སྐྱོ་གདུང་མེད།རྒྱང་ཐག་རིང་དྲགས་པས་ཕ་ཡུལ་གྱི་ཡུལ་མི་ཚོ་ཡང་གཉིད་ཁུག་གིན་ཡོད་མེད་ལ་སེམས་ཁྲལ་བྱུང་།ཨ་མ་ཡང་ཉལ་ཡོད་མེད་ལ་མནོ་བསམ་འཁོར།

མཚན་མོ་ནི་དུས་ཚོད་ཡུན་རིང་ཅན་གྱི་ངལ་གསོ་ཞིག་ཡིན་ཡང་།དོ་ནུབ་ཀྱི་མཚན་མོ་ནི་བདག་ལ་མནར་གཅོད་གཏོང་བྱེད་ཀྱི་ཤན་པའི་ལག་གི་རལ་གྲི་སོ་ཁ་ཅན་དེ་ལས་གང་ཡང་མ་རེད།ཤིན་ཏུ་ཡི་ཐང་ཆད་པའི་དུས་སུ་མི་ནི་ཉམ་ཆུང་ཞིག་ལས་ཅི་ཡང་མིན།

ཡང་བསྐྱར་མི་ཚེ་ལ་ཐད་གཏོགས་བྱེད་སྐབས་མི་ཚེ་ནི་ཆད་ལ་ཁད་ཀྱི་ཤིང་རུལ་གྱི་ཟམ་ཐུང་ཞིག་དང་ཅི་འདྲའི་མཚུངས།སྐྱོ་སྣང་དང་སྡུག་ཡུས་ཀྱི་མནར་ཞིང་ན་ཟུག་གིས་བསྟིམས་ནས་འདུག་བཟོད་མེད་དུས་ཁེར་རྐྱང་གིས་ཁེར་རྐྱང་ལ་རེ་སྟེ་ཆད་པར་དོགས་པའི་ཟམ་ཐུང་སྟེང་དུ་ཕར་འགྲོ་ཚུར་འོང་གི་མི་ཚེ་རྫོགས།

དེ་ཡིས་འཆི་བ་ཡང་དྲན་པར་བྱེད་དེ།སྟབས་བདེ་མོ་བཤད་ན།‘འཆི་བ་ནི།ཟམ་ཐུང་ཞིག་གི་ཕར་ཚུར་ཏེ།ཐག་རིང་ཐག་རིང་ཞིག་ཀྱང་ཡིན་ལ་ཐག་ཉེ་ཐག་ཉེ་ཞིག་ཀྱང་ཡིན།’སྐབས་རེར་འཆི་བ་ལ་ཤིན་ཏུ་སྐྲག་པས།ཐམས་ཅད་ཀྱིས་ཟམ་པ་དེ་ནི་མི་མཐོང་བའི་ཟོལ་གྱིས་ཕར་ཚུར་རྒལ་བར་བྱེད།དེ་ནི་བྱིས་པ་ཞིག་གིས་བྱེ་མཁར་བཞེང་པ་དང་ཤིན་ཏུ་མཚུངས།

དོ་ནུབ།གློ་བུར་དུ་དྲག་ཆར་ཞིག་བབས་རྗེས།ས་འོག་གི་འབུ་སྲིན་དག་ཀྱང་ས་སྟེང་དུ་བྲེལ།དེ་ནི་ཕ་ཡུལ་གྱི་མི་དག་འཁོར་བ་ལ་བྲེལ་འཚུལ་དང་ཤིན་ཏུ་འདྲ།འདྲ་དྲགས་པས་ངས་ཕ་ཡུལ་གྱི་མི་དག་ལ་སེམས་ཁ་རློན་དགོས་བྱུང་།རླུང་འཚུབ་ནི་མི་སེམས་ལ་འཇིགས་སྐྲག་སློང་བྱེད་ཅིག་དང་འདྲ་བོ་འདུག།སྐབས་རེར་མུན་ནག་ཏུ་སྒོ་ཀླད་དུ་བཀར་བའི་པར་སྒྲོམ་དེ་ཡང་འགུལ་གྱིན་ཡོད་པར་ཚོར།

གཉིད་ཁུག་ཐབས་བྲལ་བའི་དོ་ནུབ།ཤིན་ཏུ་འུར་ཟིང་ཅན་ཞིག་ཏུ་མ་འགྱུར་ཡང་།གངས་རིའི་འདབས་སུ་ཉལ་བའི་སྤུན་ཟླ་ཚོ་ལ་སེམས་ཁུར་བྱ་དགོས་བྱུང།ང་ཚོ་ནི་ནད་ཀྱི་རྗེས་སུ་སྨན་གྱིས་མི་ཆོད་པ་བཞིན་ད་བར་དུ་ཁུ་སིམ་ངང་འདུག་པའི་གོ་སྐལ་དང་གྱེས་སོང་།ང་ཚོ་ནི་རླུང་ཁར་དཔྱངས་བའི་དར་ལྕོག་བཞིན་རང་དབང་ལྡན་པའི་ངང་འཚོ་བ་རོལ་ཐབས་བྲལ་སོང་།དེ་དག་ཡོད་ཚད་སུས་ཀྱང་བརྗེད་མེད།

རྩེ་མོ་དགུང་ལ་ཟུག་པའི་གངས་རི་དེ་ལ་ཅི་ཞིག་ཟེར།མཛེས་སྡུག་གངས་ལས་འཕྲོས་པའི་ཕོ་བྲང་དེ་ལ་ཅི་ཞིག་འབོད།དོ་ནུབ་ང་དང་མཉམ་དུ་གཉིད་མི་ཁུག་པ་ནི་གངས་ལྗོངས་ཀྱི་འདབས་སུ་ཆས་པའི་སྒོ་ཁྱི་ཁྲི་འབུམ་དེ་དག་ཨེ་ཡིན།

ཡ་མཚན་པ་ཞིག་ལ།དོ་ནུབ་ང་རང་གཉིད་གཏན་ནས་ཁུག་གིན་མི་འདུག


  • ལེ་ཚན་སྔོན་མ།:བདག་གི་ཨ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།