དབྱངས་ཅན་མ།

དབྱངས་ལྡེའུ།        2024-07-03

            དད་གསུམ་རྦ་རླབས་འཕྱུར་

བའི་མཚོ་ངོགས་ན། །

རྗེས་ཆགས་ཟུར་མིག་གཡོ་བའི་

ངང་མོ་དཀར། །

དབྱངས་ཅན་རིག་བྱེད་དབང་

མོའི་ཞབས་སེན་ཕྲེང་། །

ཡིད་གདན་པད་མའི་དཀྱིལ་དུ་

འཁོད་ཅིག་ཀྱེ། །

ཆུ་སྟོད་ཟླ་ཚེས་ཞལ་དཀར་

འཛུམ་པའི་ལྟོངས། །

སྤྱན་རས་ཐོ་རེངས་སྐར་མའི་

གཟི་བྱིན་གྱིས། །

ཆགས་བྲལ་བདེ་གཤེགས་བྱེ་བ་

འདུ་འགོད་པས། །

ཕྱིན་རྫོགས་རྣམ་འབྱོར་མ་ཁྱེད་

མངོན་པ་འཕགས། །

དབྱིབས་ཟླུམ་མྱོས་བུམ་རྒྱས་པའི་

སྐེད་མེད་མ། །

ལྡེམ་འཕྲུལ་ལུས་ཕྲར་མཛེས་བྱེད་

སྙན་ངག་མ། །

བརླ་དཀར་བ་སོ་གྱེན་འགྲེང་སྡུ་གུ་མ། །

ཟབ་ཆོས་གླུ་རུ་འགུག་པའི་

བསམ་གཏན་མ། །

ལེགས་གསུང་སྒྲ་དབྱངས་འབྱུང་

གནས་མུ་ཁའི་ཀློང་། །

ཚེམས་བཟང་མུ་ཏིག་མཛེས་ཆོས་

བརྡལ་བ་ལ། །

ལེགས་འཇོ་དཔེར་ཉིད་མ་འཚོལ་

ངལ་བ་ཡང་། །

སྐབས་གསུམ་འདུས་གྲོང་ལྷ་ཚོགས་

སྟེར་སྐད་ཉིད། །

ཐུགས་བསྐྱེད་ཀུན་གསལ་ཟླ་གཞོན་

ལང་ཚོ་ཡིས། །

སྙན་སྨྲའི་བློ་གསལ་འཁོར་ཚོགས་

ལེགས་བསྐྱངས་ཏེ། །

ཕྱི་ནང་མཛངས་པ་རིན་བྱོན་

སྤྱི་གཙུག་དབུས། །

ཞབས་སེན་པད་དཀར་འདབ་མ་

བཞད་པ་མོ། །

སྔོན་བསགས་བསོད་ནམས་མཚོ་

ཆེན་བསྲུབས་པ་ལས། །

ལེགས་འཁྲུངས་ཕུལ་ཕྱིན་ཤེས་

རབ་རྒྱུ་སྐར་གཙོར། །

ཁྱད་འཕགས་གཙུག་ལག་བྱེ་

བའི་འོད་བསྟིམས་པའི། །

ཚངས་ཆེན་གདོང་བཞིའི་བུ་མོས་

དུས་ཀུན་སྐྱོངས། །

འཆི་མེད་ལྷ་ཡི་རྫིང་བུར་

འཇའ་ཚོན་གུར། །

བརྒྱད་གཉིས་ལང་ཚོ་ཕུལ་

ཕྱིན་མཛེས་བལྟམས་པ། །

གངས་དཀར་ཟླ་བའི་ཟེར་

བརྒྱ་འཕྲོས་ལས་ཀྱང་། །

སྐུ་མཛེས་སྐེད་པ་གློག་ཞགས་

འཁྱུག་པ་དཀར། །

མཐོ་རིས་ཨུཏྤལ་འཛུམ་པའི་

ཞལ་གྱི་ཚལ། །

སྲབ་མྱུར་ལྗགས་དམར་ར་

ཡིག་གཉིས་པ་ནི། །

བདེན་བཞིའི་ཆོས་བཅུད་གེ་

སར་སྙིང་པོ་ཡིས། །

མྱོས་པས་སྒྲ་དབྱངས་གཤོག་

གླུ་ཆད་མེད་འཐེན། །

མ་རིག་རྦ་རླབས་དག་པའི་

མཁྱེན་རབ་རྫིང་། །

སྐྱེ་མེད་སྟོང་པའི་དོན་གནད་

པདྨོ་བལྟམས། །

ཐབས་ཤེས་གསེར་མགོའི་

ངང་མོ་ལྷུན་འཇུག་པས། །

སྲིད་གསུམ་མཉམ་ཟླ་མཚུངས་

མེད་ཤེས་རབ་མ། །

བསྟོད་གླུ་དྲི་ཟའི་དབྱངས་

བསྡེབས་འགྱུར་ཁུག་ནི། །

རིག་བྱེད་དབྱངས་ཀྱི་རྒྱལ་མོར་

འབོད་ཚུལ་དུ། །

དད་སེམས་གངས་དཀར་མདངས་

འཛིན་བུ་སློབ་ཡིས། །

འཁོར་བའི་རི་གྲོང་འདིར་ནས་

ཐོལ་གྱིས་གྱེར། །


  • ལེ་ཚན་སྔོན་མ།:ས་རུབ་ཁར་ཟླ་བ་སྔར་བཞིན་ཤར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།