རྒྱང་རིང་གི་ཁེར་གཞས།

ཁངས་མ།        2024-06-26

            གནས་མཐའ་འདི་རུ་ཉེ་བའི་ཕ་མ་ནི་མི་འདུག །

དགའ་ཡང་སྐྱོ་རུང་རང་ཉིད་གཅིག་པུར་རང་ཡིན་ན། །

སྐབས་རེ་ངལ་བའི་དངན་པ་མི་འཐེན་ནས་ཐབས་མེད། །

སུ་དང་གང་ན་འཐེན་དགོས་མི་ཤེས་འདི་སྐྱོ་སོང་། །

ཕྱི་རོལ་འཇིག་རྟེན་གྲང་བས་སིག་སིག་ཏུ་འདར་གྱི །

ང་དང་ངག་ལྐུགས་ཡིག་འབྲུ་རེ་འགའ་ཞིག་འདི་རུ། །

ནང་སེམས་སྐྱོ་བས་མིད་པའི་གདུང་བ་དག་གླེང་སྟེ། །

མཚན་ལམ་རིང་མོ་ཕར་ཕར་སྐྱེལ་བ་འདི་ཨེ་མཚར། །

རྒྱང་རིང་རྒྱང་རིང་འདི་ནས་སུན་སྣང་གིས་གཙེ་དུས། །

ཐོག་མར་ཞེ་རུ་འཁོར་བ་བྱམས་ལྡན་གྱི་ཨ་མ། །

བདག་གི་ཉེ་སར་ཡོད་ན་ཅི་དགའ་ཞིག་དྲན་ཡང་། །

རི་ལུང་བརྒྱ་ཕྲག་མང་པོ་གཞལ་ཐབས་ནི་མི་འདུག །

མི་རྐྱང་ལྡོམ་པོ་ཞིག་ལ་ཁྱིམ་ཐབས་དང་འགལ་བའི། །

ལས་དང་འབྱོར་བས་དབུལ་བའི་ཟུག་ངུ་དང་དེ་གཞན། །

དགའ་ཡ་གྱེས་པའི་སྡུག་སོགས་གང་གང་ཞིག་མེད་ན། །

དངན་པ་འཐེན་དགོས་ལར་ནས་མི་འདུག་རང་ཨེ་དྲན། །

མ་རེད་བརྩེ་ལྡན་མ་མ་ང་རང་ལ་གསོན་དང་། །

ཧ་ཅང་སྙི་བ་མི་ཡི་ནང་སེམས་འདི་ཡིན་ན། །

སྣང་བའི་སྒེའུ་ཁུང་ནང་དུ་མི་འདོད་པའི་ཐལ་རྡུལ། །

ཏིལ་འབྲུ་ཙམ་གྱིས་གསོན་སྙིང་མེད་པ་ཞིག་བྱེད་ཀྱི །

དྲིན་ཆེན་ཨ་མ་བདག་ལ་ཉེ་ཉེ་ཞིག་གནང་དང་། །

རབ་ཏུ་གྲང་བའི་འཇིག་རྟེན་གྲུ་ཁ་ནས་ང་རང་། །

མྱ་ངན་ཁུར་བའི་བྱེའུ་གཤོག་ཆད་རང་ཡིན་འདི། །

ཁྱོད་ལས་གཞན་པ་གང་གིས་སྐྱོབ་ཐབས་ཤིག་མི་འདུག།

མ་ངེས་དུས་ཚོད་ནང་ནས་ང་རང་འདི་ཨ་མ། །

གང་ལ་དགའ་མོས་མེད་པར་མཚར་པོ་ཞིག་ཆགས་སོང་། །

རང་ཉིད་ཅུང་ཟད་མོས་སའི་ཡུལ་གང་ལ་སྦྱངས་ན། །

དེ་ལ་གང་དེ་མི་དགའི་སྤྱོད་ཚུལ་འདིས་སུན་ནོ །

སྐྱེ་བ་ད་ཐེངས་ཕལ་བ་ཕལ་རྐྱང་ཞིག་ཡིན་འདི། །

གང་གི་དང་ལེན་དེ་ཙམ་མི་མོས་པ་ཁག་མེད། །

འོན་ཏེ་ཕལ་བ་ཕལ་བའི་ས་ལ་མི་མཛའ་བ། །

གང་ཡང་མེད་པས་འདི་ལ་དགྱེས་པ་ཞིག་མཛོད་དང་། །

མི་དག་ངོ་གདོང་དཀར་ནག་སྲུང་བ་ལ་མཁས་ཀྱི །

དེ་ཡི་བར་ན་བདག་ནི་ཁྱི་ལྡོམ་བཞིན་མར་ཡར།།

འདྲུད་གྲངས་མང་ན་འདི་རུ་འཚོ་ཐབས་རང་མེད་པས། །

ད་ནི་རང་སར་ཞོག་དང་དགོངས་ཡངས་ཤིག་ངས་ཞུ། །


  • ལེ་ཚན་སྔོན་མ།:སྐྱོ་སྣང་ངང་གིས་སེལ་བའི་མེ་ཏོག་བ་ཀུ་ལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།