དུང་བའི་ཞེ་འཁྲེང་།

སྙན་རྐང་གླིང་།        2024-06-21

བརྩེ་བའི་ནང་སྙིང་ཡངས་མོ་རུ།།

ལྷོག་ལྷོག་བསྟིམས་པའི་དུང་བ་ཡིས།།

ཞེ་འཁྲེང་རྒྱ་མཚོའི་ནང་རོལ་དུ།།

མི་སྐམ་ཉིན་རེ་མང་འཕེལ་ཡིན།།

དགའ་བའི་འཛུམ་མདངས་མེད་ན་ཡང་།།

སེམས་ཀྱི་འཛུམ་པ་ལྷད་མེད་ཀྱིས།།

བརྩེ་བའི་མུ་ཏིག་འགྲེ་ལོག་རྒྱག།

མི་བྲལ་དུང་བའི་སེམས་པ་རུ།།

ཞེན་པའི་སྣང་བ་རྒྱང་ནས་བསུས།།

ཁ་ཁོག་མེད་པའི་དུང་བ་ཡིས།།

ཕྱི་གསལ་ནང་གསལ་ངང་གིས་ཤེས།།

གཡོ་སྒྱུ་ཚིག་དག་མི་ཡོང་ཞིང་།།

དྲང་བའི་ཚིག་གི་འདབ་མ་གྲོལ།།

སྤྲེལ་ལད་ཟུར་གྱི་རྣམ་པ་དང་།།

རྫུན་ཚིག་སྐད་ཆ་ལྷག་པར་དབེན།།

ཟོལ་མེད་བརྩེ་སེམས་བསླུ་མེད་ཀྱིས།།

ཕན་ཚུན་དགའ་བའི་བྱེད་པོར་རློམས།།

གཅེས་པའི་སེམས་ཀྱི་འདབ་མོ་དེ།།

ཁྱོད་ཀྱི་པང་དུ་དོག་མེད་གཏད།།

བརྩེ་བའི་སེམས་ཀྱི་སྣང་བ་ཡིས།།

རྣམ་འགྱུར་བཟང་བའི་གཤིས་ཀ་སྟོན།།

མི་རྟག་འཁོར་བའི་བཞིན་རས་ལས།།

བྱུང་བའི་སྡུག་ཡུས་སྙིང་དུ་ལྕི།།

བརྩེ་བའི་འདབ་མ་བཞད་པ་ཡིས།།

སེམས་པ་དགྱེས་པའི་གཞི་རུ་སོམས།།

མི་བྲལ་གསེར་གྱི་སྐུད་པ་ཡིས།།

འདང་ཆེན་བརྩེ་བས་མདུད་པ་དམ།།

སྐྱེ་འཆི་འཁོར་བ་མ་ཡོང་ཚེ།།

མི་བྲལ་མཉམ་དུ་མདུན་ལ་སྐྱོད།།

རྒྱུ་ནོར་རྒྱབ་རྟེན་དབེན་པ་དང་།།

འཚོ་བའི་ལྟོ་གོས་ཉུང་ན་ཡང་།།

ནང་སྙིང་བརྩེ་བའི་སེམས་པ་ཡིས།།

མཉམ་དུ་རོལ་བའི་འདུན་པ་ཟབ།།

ཞི་བའི་ཉམས་དགའི་སྤྱོད་པ་དང་།།

ལྷོད་ཆགས་སེམས་གཤིས་ཉུང་ན་ཡང་།།

ཕན་ཚུན་འཛུམ་པའི་ཞལ་དཀར་གྱིས།།

སྤྲོ་སྐྱིད་དཔལ་ཡོན་ཁེབ་ཏུ་སྙིལ།།

དགའ་འདང་ཟབ་པའི་དུང་བ་ལ།།

གལ་ཆེན་བཟུང་བའི་རྣམ་པ་བདོ།།

རིང་ནས་མཐུན་པའི་བརྩེ་སེམས་ཀྱིས།།

མི་གྱེས་ཞེ་སྣང་རྨང་ནས་བོར།།

ཨེ་མ་བརྩེ་དུང་ལྷད་མེད་འདི།།

ཞི་འཇམ་སེམས་ཀྱིས་འཚོས་པ་ན།།

དགའ་བའི་འཛུམ་པ་རབ་ཏུ་རྒྱས།།

བརྩེ་བས་མྱོས་པའི་སྣང་བ་སྤྲོ།།

དྭངས་གསལ་མཚོ་ངོགས་ཟླ་བ་ལྟར།།

བརྩེ་བའི་འཛུམ་པ་སེམས་སུ་ཉིལ།།

མི་བྲལ་དམ་ཚིག་བརྟན་པོ་ཡིས།།

མཉམ་དུ་འཚོ་བའི་གཞིས་སུ་འཛུགས།།

  • ལེ་ཚན་སྔོན་མ།:འབྲོང་།
  • ལེ་ཚན་རྗེས་མ།:སྙན་ངག་པ།