ཚངས་དབྱངས་བསིལ་བའི་ཟླ་བ།

༼ བདེ་ཆེན་ངག་གྲོལ། ༽        2024-06-12

༼ ༡ ༽

སྟོན་ཟླ་རྒྱས་པའི་དཔལ་ལ། །

མཛེས་པའི་གོར་གོར་ནང་ནས། །

ཁྱེད་ཀྱིས་ཞལ་རས་བསྟན་ན། །

མི་སེམས་དབང་མེད་འཕྲོག་འགྲོ །

༼ ༢ ༽

སེམས་པའི་དབྱངས་ཀྱི་སྐུད་པས། །

མཛའ་བརྩེའི་བསམ་པ་སྦྲེལ་ཡོད། །

ངང་བའི་བརྩེ་དུང་བསམས་ན། །

འདམ་ལ་རེ་ཞིག་ཆགས་སོང་། །

༼ ༣ ༽

མི་མཐུན་བསམ་པ་མེད་ན། །

ལོ་ཟླའི་བར་མཚམས་འདི་ནས། །

ནོར་བུ་ནོར་ཉམས་མེད་པས། །

དྲི་བྲལ་དྭངས་གཙང་གནས་ཡོད། །

༼ ༤ ༽

མི་སེམས་མི་ལ་ཤོར་ན། །

མཚན་མོའི་དུང་གི་ཟླ་བ། །

ལག་ཏུ་འཐོབ་རྒྱུ་མི་འདུག །

ཡིད་ཐང་ཐེངས་གཅིག་ཆད་སོང་། །

༼ ༥ ༽

ཉི་མ་ཤར་ནས་ཤར་སོང་། །

ཟླ་བ་ནུབ་མཐའི་སྤྲིན་པས། །

བསྒྲིབ་རྒྱུ་ཡིད་ལ་མེད་ན། །

རེ་ཞིག་ལྷན་འཛོམ་ཨེ་རེད། །

༼ ༦ ༽

སྟོན་ཟླ་སད་ཀྱི་ཆར་པས། །

མེ་ཏོག་ལྡུམ་རའི་ནང་དུ། །

བྱམས་པའི་ཞལ་རས་མི་འདུག །

གཡུ་སྦྲང་སེམས་པ་ཨེ་སྐྱོ། །

༼ ༧ ༽

མེ་ཏོག་པདྨའི་ནང་ནས། །

གཡུ་སྦྲང་བུང་བ་གཉིས་ཀྱི། །

སྦྲང་རྩི་བཅུད་ལ་རོལ་དུས། །

བྲེལ་འཚབ་སེམས་པ་མི་འདུག །

༼ ༨ ༽

མ་བསམ་ལས་ཀྱི་བསྐོས་པ། །

རང་སེམས་ཤོར་བའི་མི་ལ། །

རི་མོ་ལས་ཀྱི་འཐེན་ན། །

རང་སེམས་སྐྱོ་ཐབས་མི་འདུག །

༼ ༩ ༽

ཚིག་གསུམ་དམ་བཅའ་མེད་ལ། །

གཞན་ཡུལ་བུ་མོའི་ཕྱོགས་སུ། །

འཕྲིན་པ་རླུང་ལ་བསྐུར་ན། །

དབྱངས་ཀྱི་དར་ཁ་འགྲིགས་ཡོད། །

༼ ༡༠ ༽

རང་སེམས་ཁྱེར་བའི་མི་ལ། །

སེམས་པའི་དར་སྐུད་འདི་ཡང་། །

ཆད་རྒྱུ་ཆད་རྒྱུ་མི་འདུག །

སྙིང་མཐུན་བྱམས་པ་དྲན་སོང་། །

༼ ༡༡༽

དུས་ཀྱི་བར་མཚམས་འདི་ནས། །

སྤྲིན་པས་ཕྱི་མིག་བལྟས་བྱུང་། །

འཕྲིན་པ་སྤྲིན་ལ་བསྐུར་ན། །

བྱམས་པས་ཕྱི་མིག་མི་འདུག །

༼ ༡༢ ༽

ང་དང་གཞན་ཡུལ་བུ་མོ། །

དམ་བཅའི་ཚིག་གིས་མདུད་པ། །

སྙན་ངག་འཕྲིན་པ་བསྐུར་ནས། །

སོ་སོའི་ལས་ལ་བཅོལ་ཡོད། །

༼ ༡༣ ༽

མེ་ཏོག་ལྡུམ་རའི་ནང་དུ། །

རྒྱ་ལྕང་ལོ་མ་གཉིས་ལ། །

ཡིད་མཐུན་ཛ་བྱི་ཁྱུ་གཉིས་ཀྱིས། །

བརྩེ་བའི་ལག་ཟུང་སྦྲེལ་འདུག །

༼ ༡༤ ༽

བྲིས་པའི་རི་མོའི་གཟུགས་བརྙན། །

ཆར་དང་ཐིགས་པས་འཇིག་སོང་། །

མ་བྲིས་སེམས་ཀྱི་ཚོར་སྣང་། །

ཡལ་རྒྱུ་ཡལ་རྒྱུ་མི་འདུག །

༼ ༡༥ ༽

འདྲིས་པའི་ལོ་དང་ཟླ་བ། །

བྱམས་པའི་ཕྱོགས་སུ་སྟབས་བཞག །

ཚེ་གཅིག་གཏན་གྲོགས་ཡིན་ན། །

དྲན་པའི་སྙིང་འདི་འབུལ་ཆོག །

༼ ༡༦༽

བུ་མོ་ངེས་འབྱུང་སྐྱེ་ན། །

ཆོས་པའི་གྲྭ་ལ་ཕེབས་དུས། །

ཕོ་གཞོན་ང་རང་མི་སྡོད། །

བདེན་པའི་རི་ལ་བུད་འགྲོ །

༼ ༡༧ ༽

སུམ་ལྡན་བླ་མའི་དྲུང་དུ། །

སེམས་ཁྲིད་ཞུས་ཀྱང་ཞུས་ཀྱང་། །

ངེན་འབྱུང་སེམས་ནས་མ་སྐྱེས། །

བུ་མོའི་བག་ཆགས་སད་སོང་། །

༼ ༡༨ ༽

སྒོམ་པའི་སྟོང་ཉིད་མི་འདུག །

མ་བསྒོམས་མཛེས་མའི་ཞལ་རས། །

ཡིད་ལ་དྲན་ཐེངས་རེ་ལ། །

སེམས་དང་སེམས་པས་གསལ་སོང་། །

༼ ༡༩ ༽

སེམས་དང་སེམས་པའི་བར་ན། །

ཆུ་དང་འོ་མ་བཞིན་དུ། །

གཅིག་མཐུན་བསམ་པ་མི་འདུག །

མཛེས་མ་ཁ་ཙམ་ཨེ་རེད། །

༼ ༢༠ ༽

བདུད་རྩིའི་ཆང་གི་ཐིགས་པ། །

གསེར་གྱི་བུམ་པའི་ནང་དུ། །

ལོ་དང་ཟླ་བ་བསྙལ་ཡོད། །

འཐུང་བའི་བྱམས་པ་ཨེ་འདུག །

༼ ༢༡༽

དམ་ཚིག་མདུད་པ་མེད་ན། །

བྱམས་པ་གླེང་གྲངས་མང་ཡང་། །

སྙིང་པོ་དེ་ཙམ་མ་རེད། །

འཇིག་རྟེན་འཁོར་བའི་གྲུ་ནས། །

༼ ༢༢ ༽

སེམས་དང་སེམས་པའི་བར་ན། །

གསང་གཏམ་མེ་ཏོག་རྐང་གཅིག །

འཁྱམས་པོའི་མི་ཚེ་འདི་རུ། །

ཡིད་ལ་ཡང་ཡང་སྦས་ཡོད། །

༼ ༢༣༽

མི་ཚོགས་ཁྲི་མ་འབུམ་ན། །

སྙིང་གཅེས་བྱམས་པ་བཞུགས་ཡོད། །

བརྩེ་བའི་དུང་གི་ཟླ་བ། །

འཕེལ་འགྲིབ་རེད་རྒྱུ་ཨེ་རེད། །

༼ ༢༤ ༽

མཛངས་མའི་སེེམས་དང་མཐུན་ན། །

ཚེ་གཅིག་ཆོས་སྐལ་ཆད་འགྲོ །

གྲོང་པའི་ནང་དུ་འགྲིམ་ན། །

བླ་མ་ཐུགས་དགོངས་འཚོམས་འགྲོ །

༼ ༢༥ ༽

དལ་འབྱོར་རིན་ཆེན་རིགས་ལ། །

སྙིང་པོའི་ལྷ་ཆོས་མེད་ན། །

མི་ཚེ་དོན་མེད་སྐོར་དུ། །

རྫོགས་པའི་ཡིད་རེ་མུག་ཨང་། །

༼ ༢༦ ༽

ཡིད་ཐག་ཆུ་ལས་རིང་ན། །

ཚེ་གཅིག་བརྩེ་བ་སྲུན་པོ། །

མི་འགྱུར་རྡོ་རྗེའི་བྲག་ཏུ། །

མཉམ་དུ་རི་མོ་འབྲི་ཆོག །

༼ ༢༧ ༽

གྲོང་གཞུང་ཆུ་བོའི་འགྲམ་དུ། །

མེ་ཏོག་པདྨའི་འཛུམ་ལ། །

སྐྱིད་ཀྱི་ཉི་མ་ཤོར་འདུག །

མི་ཚེ་ཆོས་ལ་ཨེ་བསྐུལ། །

༼ ༢༨ ༽

སྐྱོ་བ་མི་ལ་བཤད་ན། །

ཚེ་གཅིག་སྐྱོ་རོགས་མི་འདུག །

དགའ་བ་མི་ལ་གླེང་ན། །

ཚེ་གཅིག་དགའ་རོགས་མི་འདུག །

༼ ༢༩ ༽

མཐུན་པོ་མི་དང་མི་བསམ། །

མི་དང་མི་ཡི་བར་ན། །

དམ་ཚིག་མདུད་པ་མི་འདུག །

བུ་ཆུང་ཆོས་འགོ་བཞུགས་འགྲོ །

༼ ༣༠ ༽

སྣ་ཚོགས་སྒྱུ་མི་ཁྲོད་ནས། །

སེམས་པ་མི་ལ་ཤོར་ན། །

འཁྲུལ་སྣང་སྐད་ཅིག་ཆོས་ལ། །

རྟག་ཏུ་བརྟན་པོ་མི་འདུག །

༼ ༣༡ ༽

མ་བྲིས་པདྨའི་མཛེས་སྡུག །

སེམས་པའི་མཁར་གྱང་ངོས་ནས། །

དྭངས་གསལ་མེ་ལོང་བཞིན་དུ། །

ཡིད་ལ་ལམ་ལམ་ཤར་སོང་། །

༼ ༣༢ ༽

བྱིན་རླབས་དངོས་གྲུབ་མ་ཆུང་། །

སྙིང་རྗེའི་རྒྱལ་སྲས་ཁྱེད་ལས། །

སྐྱབས་གནས་མཐའ་ཐུག་མེད་པས། །

བུ་ཆུང་རང་མགོ་ཐོན་ཅིག །

༼ ༣༣ ༽

རྩ་གསུམ་ལྷ་དང་བླ་མས། །

ཆོས་ཀྱི་སྙིང་པོའི་གདམས་ངག །

ལས་བསྐལ་བུ་ལ་སྩོལ་དང་། །

བུ་ཆུང་འཁོར་བ་མི་འཁོར། །

༼ ༣༤ ༽

དགོས་འདོད་ཡིད་བཞིན་ནོར་བུ། །

ལྷ་དང་བླ་མས་མ་གནང་། །

བོ་མོ་ཆུང་མས་གནང་ན། །

བུ་ཆུང་ས་མཐའ་མི་བསྐོར། །

༼ ༣༥ ༽

ནམ་མཁའ་སྤྲིན་གྱི་སྐོར་སྐོར། །

ཕ་མཐའ་སྤྲིན་པས་སྐོར་དུས། །

བུ་ཆུང་འཁོར་བ་འདི་ནས། །

འགྲོ་སའི་ལམ་ཞིག་ཨེ་ཡོད། །

༼ ༣༦ ༽

བུ་མོས་བསླུས་བ་མེད་ན། །

ཆང་ལ་བཟི་ཁ་མི་འདུག །

ཚེ་གཅིག་ཆོས་པའི་གྲྭ་ལ། །

བུ་ཆུང་ཕེབས་པས་ལོས་ཆོག །

༼ ༣༧ ༽

མཛེས་པའི་མེ་ཏོག་བཞད་དུས། །

མཛངས་མའི་ཞལ་རས་བསྟན་སོང་། །

རྐང་དྲུག་བུང་བ་གཞོན་ནུ། །

འདི་ལ་བསྐོར་བས་ཨེ་ཆོག །

༼ ༣༨ ༽

བུ་ཆུང་ཨ་མའི་པང་ནས། །

ལང་ཚོའི་མེ་ཏོག་བཞད་ཡོད། །

ཚེ་གཅིག་བྱམས་པ་མེད་ན། །

འཁོར་བའི་གྲོང་ལ་མི་འགྲིམ། །

༼ ༣༩ ༽

སྟོན་གྱི་སྤྲིན་པ་ནག་པོ། །

སད་དང་སེར་བ་འབྱུང་འགྱུར། །

མི་སེམས་ཨ་ལ་པ་ལ། །

བརྩེ་བའི་དུང་བ་ཤོར་འགྲོ །

༼ ༤༠ ༽

གྲུབ་ཆར་ནམ་མཁར་བབས་ན། །

རྒོད་པོ་འཕུར་ས་མ་རེད། །

གྲོགས་མེད་ཁེར་རྐྱང་ལུས་ན། །

སྙིང་གཏམ་བཤད་ས་མི་འདུག །

༼ ༤༡ ༽

ཡར་ཚེས་བཅོ་ལྔའི་ཟླ་བ། །

བུ་མོའི་ཞལ་རས་འདྲ་ཡང་། །

རི་བང་འཛིན་པ་འདི་ཉིད། །

ཆུང་འདྲིས་བུ་མོ་མི་གཅིག །

༼ ༤༢ ༽

དཀར་གསལ་དུང་གི་ཟླ་བ། །

ཤར་ནས་ནུབ་ལ་རྒྱུ་ཐལ། །

མཛེས་པའི་བུ་མོའི་ཞལ་རས། །

འཛུམ་མདངས་བསྟན་རྒྱུ་མ་བྱུང་། །

༼ ༤༣ ༽

རྒྱ་མཚོའི་ནོར་བུ་འདི་ཉིད། །

ཉ་དང་སྲིན་བུས་བསྲུངས་ཀྱང་། །

ནོར་བུ་མི་ཡིས་འཕྲོག་ན། །

ནོར་བུ་ནོར་ཉམས་ཤོར་འགྲོ །

༼ ༤༤༽

རི་བོ་གངས་དཀར་ཏི་སེ། །

མི་འགྱུར་བརྟན་པོ་ཡིན་ན། །

ཉི་མ་ཟླ་བའི་འགྲོ་ཕྱོགས། །

ནམ་ཡོང་ཡིད་ལ་འཁོར་ཡོད། །

༼ ༤༥ ༽

ཕྱི་ཚུལ་སྣང་བ་འདི་ན། །

སེམས་པ་སྐད་ཅིག་ཤོར་བའི། །

བུ་ཆུང་བསམ་མེད་འདྲ་བ། །

བསླུ་བྲིད་མཛེས་མས་བྱེད་འགྲོ །

༼ ༤༦ ༽

སོས་ཀའི་དུས་ལ་སླེབས་སོང་། །

ཁུ་བྱུག་མོན་ནས་བྱོན་སོང་། །

མགྲིན་པའི་གསུང་སྐད་སྙན་སྙན། །

སྙིང་ཐུབ་བྱམས་པ་དྲན་སོང་། །

༼ ༤༧ ༽

ཆུ་འདི་གངས་ཆུ་རྫ་ཆུ། །

རི་དེ་ལ་དང་ལུང་པ། །

བརྒལ་རྒྱུ་སེམས་ལ་མེད་ན། །

སོ་སོའི་ལས་ལ་བཅོལ་འགྲོ །

༼ ༤༨༽

ས་ལ་རི་མོ་བྲིས་ན། །

རླུང་ཚབ་གྲག་པོ་ཞིག་གིས། །

སྐད་ཅིག་ནམ་མཁའི་དབྱིངས་སུ། །

ཐལ་བའི་རྡུལ་ལ་ལོག་འགྲོ །

༼ ༤༩ ༽

ང་དང་བྱམས་པའི་འབྲེལ་བ། །

བྱ་ཆུང་འུག་པ་མ་གཏོགས། །

གཞན་པ་གཅིག་གིས་མི་ཤེས། །

གསང་བ་མི་ཁ་མི་རྒྱུད། །

༼ ༥༠ ༽

མ་ཤི་ཚེ་རིང་བྱུང་ན། །

སྙིང་པོའི་ལྷ་ཆོས་བསྒྲུབས་ནས། །

དབེན་པའི་ནགས་འདབས་རི་ལ། །

ཚེ་གཅིག་སྐུ་ལུས་བསྲིང་འགྲོ །

༼ ༥༡ ༽

ལས་ཀྱི་བསྐོས་པའི་མི་ལ། །

དུང་སེམས་མདའ་མོ་ཤོར་དུས། །

སེམས་པའི་མེ་ལོང་དཀྱིལ་དུ། །

རྡོ་ལ་རི་མོ་བྲིས་བཞག །

༼ ༥༢ ༽

པདྨའི་འདབ་མའི་དབར་ན། །

མི་མངོན་ལང་ཚོའི་སྦྲང་ཆར། །

ཁོ་བོའི་སྙིང་ལ་བཞུར་ཚེའི། །

དམར་ཆུང་སྙིང་གིས་མི་བཟོད། །

༼ ༥༣ ༽

རིག་འཛིན་ཚངས་དབྱངས་རྒྱ་མཚོ། །

ལྷ་སའི་ཕྱོགས་ལ་ཕེབས་དུས། །

མ་སྐྱེས་ཨ་མའི་ཞལ་རས། །

ཡིད་ལ་འཁོར་འཁོར་བྱེད་འདུག །

༼ ༥༥ ༽

བུ་ཆུང་འཁྱམས་པོ་ང་ཡིས། །

ཚེ་གཅིག་ཆོས་གྲྭར་བཞུགས་དུས། །

མཛེས་མའི་ཞལ་རས་མི་འདུག །

སྒོམ་རྒྱུར་བླ་མ་དྲན་ཐལ། །

༼ ༥༦ ༽

མཛེས་མའི་བག་ཆགས་མི་འདུག །

བླ་གྲྭ་འཁོར་བཅས་དབུས་ནས། །

འཁྱམས་པོའི་མི་ཚེ་སྐྱོ་མོ། །

བགྲོད་ལམ་ཁེར་རྐྱོང་ཨེ་རེད། །

༼ ༥༧ ༽

མི་སེམས་ནག་ནོག་དྲི་མ། །

སེལ་རྒྱུ་རང་ལ་མེད་ན། །

འཁོར་བ་ཐང་དཀྱིལ་འགྲམ་དུ། །

འུ་གཉིས་ལྷན་དུ་གནས་ཆོག །

༼ ༥༨ ༽

མཚན་མོའི་ཟླ་བའི་འོག་ཏུ། །

ངག་རིག་དབྱངས་ཀྱི་མཆོད་པ། །

ལས་ཀྱི་ལྷན་འཛོམས་མི་ལ། །

ཐེངས་གཅིག་མཆོད་ན་ཨེ་ཆོག །

༼ ༥༩ ༽

སྙན་ངག་འདི་ལྟར་བྲིས་ན། །

ངག་རིག་དབྱངས་ཀྱི་མཆོད་པ། །

དངོས་གྲུབ་ཕྱི་རབས་བུ་ལ། །

གནང་བའི་ལས་སྐལ་མི་ཆུང་། །

༼ ༦༠ ༽

ཚངས་མགུར་གཟུགས་སུ་སྤྲུལ་ནས། །

ཉམས་འགྱུར་སྒྱུ་རྩལ་འདི་ཡིས། །

འཁོར་བའི་དཀའ་སྡུག་ཁྲོད་ནས། །

དབྱངས་ཀྱིས་ཟམ་པ་རྒྱག་ཡོད། །


  • ལེ་ཚན་སྔོན་མ།:དབྱངས་ཀྱིས་གསོས་པའི་མེ་ཏོག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།