ན་ཆུང་བྱིས་པ་ཚོར་སྤྲིངས་པའི་རུས་པའི་སྐད་བརྡ།

༼ ཧུན • དུར་རོ། ༽        2024-06-03

དེ་ཡང་འཇིག་རྟེན་ངོ་མཚར་བ།།

རྫོགས་ལྡན་དུས་ཀྱི་འོད་ཟེར་ལ།།

རེ་སྨོན་སྟོང་གི་ཁ་བཏགས་ཤིག།

འཇམ་དཔལ་གང་ལ་གུས་པ་འོ།།

ཕ་ས་དངུལ་དཀར་མེ་ལོང་ནང་།།

ཕ་སྐད་གསེར་གྱི་ཀ་བས་བརྗིད།།

ཕ་མའི་སྲོག་གི་བསྐྲུན་བྱས་པའི།།

ཕ་ནོར་རྒྱུད་འཛིན་ཁྱེད་ཚོ་ཡིན།།

མ་ཡུལ་ལུང་པའི་ཕུ་ནས་ཆས།།

མ་ཡིག་སྦྱངས་བའི་དོད་པོ་ལ།།

མ་འོངས་རང་ས་རང་ཡུལ་ལ།།

མ་བཞིན་གཅེས་པའི་རེ་བ་ཆེ།།

ལོ་གཅིག་ཟླ་བའི་རུམ་ཁ་ནས།།

ལོ་ལོའི་ན་སོ་རིམ་གྱིས་བཞུར།།

ལོ་ལོས་བསླབ་ལ་བརྩོན་པ་ན།།

ལོ་ག་འདས་ཀྱང་ཕངས་པ་ཅི།།

རབ་མང་ཤེས་བྱའི་ཨ་སྔོན་ལ།།

རབ་ཡངས་བློ་ཡི་སྤྲིན་པ་ཞིག།

རབ་དཀར་དལ་གྱིས་རྒྱུ་བ་ན།།

རབ་སད་དེ་ཉིད་ཤེས་ལ་བྲེལ།།

ཚེ་རབས་ལས་ཀྱི་བྱིན་མཐུ་ཡིས།།

ཚེ་སྲོག་གསར་པའི་གེ་སར་འདི།།

ཚེ་འདིར་ཁ་བའི་རི་ནས་བཞད།།

ཚེ་བསོད་ཁ་བའི་ལྗོངས་སུ་བྱིན།།

གངས་ལ་སྲོག་གིས་སྲུང་དགོས་པ།།

གངས་ལ་ཚ་བས་གཟིར་མིན་པ།།

གངས་འདི་ཕ་མེས་བླ་རི་ལགས།།

གངས་འདི་ཉིད་ལ་བློ་དཀར་བྱ།།

མིང་སྲིང་མཐུན་ཐག་ཨ་ལོང་ལ།།

མིང་ནི་མཐུན་སྒྲིལ་ཞུ་བ་ལགས།།

མིང་སྲིང་བརྩེ་བ་དགུ་མདུད་ཀྱི།།

མིང་ཙམ་དུ་ཡང་བརྗེད་མ་ཆུགས།།

དུས་རབས་གསར་པའི་རེ་ཁ་ལ།།

དུས་ཀྱི་ཅོང་བརྡ་དཀྲོལ་བ་ཡིས།།

དུས་མཐུན་འཚོ་བའི་ཁ་ཕྱོགས་ལ།།

དུས་ཀུན་རོལ་བ་ཤིན་ཏུ་གཅེས།།

སྲོལ་རྒྱུན་མེས་པོའི་རྐང་རྗེས་ལ།།

སྲོལ་བཞིན་ལམ་དུ་འགྲོ་བ་ལས།།

སྲོལ་མིན་མག་མོག་ལས་མི་བྱེད།།

སྲོལ་ལུགས་ཤ་དང་རུས་པར་རྐོ།།

གནའ་དེང་ཟུང་དུ་འབྲེལ་བ་ལ།།

གནའ་རབས་དུས་ཀྱི་ཤེས་བྱ་ཡི།།

གནའ་མིན་དེང་གི་ཤེས་བྱ་ཡང་།།

གནའ་དེང་ཟུང་འཇུག་ཤེས་ན་འོ།།

དོན་ལྡན་ཚེ་ཡི་བཞུར་རྒྱུན་ལས།།

དོན་མེད་གཡེང་བའི་ལས་བྱ་བ།།

དོན་མཐུན་སྲོག་གི་སྲུང་བ་ཡང་།།

དོན་གྱིས་སྙིང་པོ་ག་འདྲ་ལགས།།

ཕ་མའི་ཟུངས་ཁྲག་དྲོད་ཁོལ་ལ།།

ཕ་མེས་སྲོལ་གྱི་རྒྱུན་བསྐྱངས་ན།།

ཕ་བཟང་བུ་ཡི་མཚན་སྙན་དང་།།

ཕ་ཤུལ་བུ་ཡིས་ཟིན་པར་བསྙད།།

སློབ་སྦྱོང་དོན་དུ་གཉེར་བ་ལས།།

སློབ་གྲྭར་ཚུལ་མིན་སྤྱོད་པ་དག།

སློབ་མ་རང་གི་མདུན་ལམ་དང་།།

སློབ་གྲོགས་གཞན་ལ་གནོད་པ་ཆེ།།

རེ་བ་ཕ་མའི་ཁྲག་ལས་མཆེད།།

རེ་འབྲས་བུ་ཡི་རྒྱུད་ནས་སྨིན།།

རེ་བའི་གཞིས་ཁྱིམ་དྲོན་མོ་ལ།།

རེ་བའི་འོད་ཟེར་འཕྲོ་བ་ཡིན།།

ཡིད་སྙན་ཚིག་གི་རོལ་མོ་ཞིག།

ཡིད་འོང་བྱིས་པའི་སྡེ་ལ་ཕུལ།།

ཡིད་ལ་འཇགས་པའི་སྨོན་པ་ཞིག།

ཡིད་ལ་རིང་ནས་གནས་པ་ཡིན།།

སྙན་པ་ཚིག་ལ་མི་འཁྱེར་ཞིང་།།

སྙན་མིན་དོན་ལ་གནས་མིན་པ།།

སྙན་ངག་ཟེར་ལ་མི་དུངས་ཤིང་།།

སྙན་གྲགས་རྐྱང་པར་ཞེན་མི་བྱ།།

ཟླ་བ་ལྟར་དཀར་སེམས་ཀྱི་ངོས།།

ཟླ་བྲལ་མན་ངག་འདི་མིན་ཡང་།།

ཟླ་བོ་ཆུང་ཆུང་རྣམས་ལ་བཏང་།།

ཟླ་བཞིན་གསལ་བའི་རེ་བ་ཡིན།།

དབྱངས་གསལ་སོ་བཞི་རུས་པ་ཡིན།།

དབྱངས་གསལ་སོ་བཞི་བླ་སྲོག་ཡིན།།

དབྱངས་གསལ་སོ་བཞི་མི་རིགས་ཡིན།།

དབྱངས་གསལ་སོ་བཞི་ཕ་སྐད་ཡིན།།

འདི་ལྟ་མི་ཤེས་གཏམ་གྱི་ཚོགས།།

འདི་ལྟར་བཤད་པའི་དགོས་པ་ནི།།

འདི་ཡང་རིགས་ལ་ཞེན་པའི་མཐུ།།

འདི་ལ་རུས་པའི་སྐད་བརྡ་ཟེར།།

  • ལེ་ཚན་སྔོན་མ།:བྱིས་དུས་ལ་ཕུལ་ བའི་ཞུ་འཕྲིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།